གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞག་དུས་ཚང་སོ་རུང་ དངུལ་ཀྲམ་ས་ཡ་༩༡.༤༥ སོར་ཆུད་མ་འབད་བར་ཡོདཔ།

༨/༩/༢༠༡༢   ༉ བསམ་རྩེ་ལུ་ ས་གཏེར་དང་འབྲེལ་བའི་ ངན་ལྷད་ཀྱི་ ལཱ་བྱ་འཐབ་མི་ལུ་བརྟེན་ རྩོད་ཟླ་༢ ཀྱིས་ མ་དངུལ་ས་ཡ་༩༡.༤༥ དེ་ཅིག་ དུས་ཡུན་ཟླཝ་༦ གི་ནང་འཁོད་ལུ་ གཞུང་ལུ་ སོར་ཆུད་འབད་དགོཔ་ཨིན་རུང་ ཏི་རུ་མ་བཙུགས་པར་ ཞག་དུས་ཚང་སྟེ་ ཟླཝ་༢ ལྷག་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༡༡ ཟླཝ་༡༢ པའི་ཚེས་༣༠ ལུ་གནང་མི་ མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ ཧེ་མའི་ ས་གཏེར་ལས་ཁུངས་ཀྱི་ འགོ་འཛིན་དང་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་བགྲེསཔ་ སངས་རྒྱས་རྒྱལ་མཚན་གྱིས་ སྤྱི་ལོ་༢༠༠༣ ལས་༢༠༠༨ ཚུན་ བསམ་རྩེ་སའུ་ར་ནི་ཏཱེལ་ས་གཏེར་ཕྱིར་བཏོན་འབད་ས་ལས་ ཏཱེལ་ཟེར་མི་ གཏེར་ཁ་ཕྱིར་བཙོང་འཐབ་པའི་ མ་དངུལ་ས་ཡ་༤༣.༦༠༦ ལྷགཔ་ཅིག་ དུས་ཡུན་ཟླ་ངོ་༦ གི་ནང་འཁོད་ལུ་ གཞུང་རྩིས་ནང་ ལོག་བཙུགས་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།
དེ་མ་ཚད་ ཧེ་མའི་ བསམ་རྩེ་ས་གཏེར་གྱི་ འགོ་འདྲེན་པ་ གནག་རྒྱས་ཀྱིས་ཡང་ བུ་དི་ནི་དང་ ཨ་ལེ་པ་ཁ་ཏཱེལ་ས་གཏེར་ཕྱིར་བཏོན་འབད་སའི་ ས་ཁོངས་ཁག་གཉིས་ལས་ གཏེར་ཁ་ཏཱེལ་ཕྱིར་བཙོང་འབད་བའི་ མ་དངུལ་ས་ཡ་༤༧.༨༤༤ དེ་ཡང་ དུས་ཡུན་ཟླ་ངོ་༦ གི་ནང་ གཞུང་ལུ་ སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
དེ་འབདཝ་ད་ སངས་རྒྱས་རྒྱལ་མཚན་དང་ གནག་རྒྱས་༢ ཀྱིས་ གཞུང་ལུ་ མ་དངུལ་སོར་ཆུད་འབད་དགོ་པའི་ དུས་ཡུན་དེ་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ ཚང་ཡོད་རུང་ ད་ཚུན་གྱི་བར་ན་ ཁྲིམས་ཀྱི་བཀའ་རྒྱ་ལུ་ ངོས་ལེན་མ་འབད་བར་ཡོད་ཟེར་ རྩོད་དཔོན་ཡོངས་ཁྱབ་ ཕུན་ཚོགས་དབང་འདུས་ཀྱིས་ བཤདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འཕྲལ་མགྱོགས་ར་ ཆེ་མཐོ་ཁྲིམས་འདུན་ལུ་ ཞུ་གཏུགས་ཐོག་ལས་ མ་དངུལ་ཚུ་ གཞུང་རྩིས་ནང་ ལོག་བཙུགས་བཅུག་འོང་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཀུན་གསལ་ལུ་ སླབ་ཨིན་པས།
དེ་འབདཝ་ད་ མངོན་མཐོ་ཁྲིམས་འདུན་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ མངོན་མཐོ་ཁྲིམས་འདུན་གྱིས་ མ་དངུལ་ཚུ་ དུས་ཡུན་ཟླཝ་༦ གི་ནང་འཁོད་ལུ་ གཞུང་ལུ་ སོར་ཆུད་འབད་དགོཔ་སྦེ་ འཁྲུན་ཆོད་གནང་ཡོདཔ་ལས་ དེ་དང་བསྟུན་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ བསྟར་སྤྱོད་འབད་དགོཔ་ལས་ བཀའ་རྒྱ་ལོགས་སུ་སྦེ་ ཞུ་དགོཔ་མེད་ཟེར་ཨིན་པས།
འགོ་དཔོན་དེ་གིས་འབད་བ་ཅིན་ མ་དངུལ་མེད་པ་ཅིན་ རྩོད་ཟླ་ཚུ་གི་ རྒྱུ་དངོས་ཚུ་ རིན་བསྡུར་ཐོག་ བཙོང་ཞིནམ་ལས་ དེ་ལས་ཐོབ་མི་ མ་དངུལ་དེ་ གཞུང་གི་རྩིས་ཁྲ་ནང་ བཙུགས་ནི་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁག་འགན་ཨིན་ཟེར་ཨིནམ་ད་ གལ་སྲིད་ ཏི་རུ་བཙུགས་མ་ཚུགས་པ་ཅིན་ རྩོད་ཟླ་༢ ཀྱི་ བཙོན་ཁྲིམས་དུས་ཡུན་དེ་ མ་དངུལ་གྱི་ འབོར་ཚད་དང་འཁྲིལ་ ཡང་སེང་འགྱོ་འོང་ཟེར་ཨིན་པས།
ད་ལྟོ་ བཙོན་ཁྲིམས་འབག་པའི་བསྒང་ཡོད་མི་ སངས་རྒྱས་རྒྱལ་མཚན་དེ་ གཡོ་སྒྱུའི་ཐོག་ལས་ ས་གཏེར་ཕྱིར་བཏོན་གྱི་ གླར་སྤྱོད་འབད་བཅུག་མི་དང་ ཡིག་ཆ་རྫུས་བཟོ་ ནང་གསུག་ མི་མང་གི་ ཡིག་ཆ་སྐྱོན་ཞུགས་ དབང་ཚད་ལོག་སྤྱོད་ལ་སོགས་པའི་ ཉེས་འཛུགས་ཁག་༤༠ དེ་ཅིག་ ཉེས་པ་ཕོག་མི་ལུ་བརྟེན་ བཙོན་འཇུག་གི་ ཁྲིམས་ཚད་སྟབས་གཅིག་ཁར་རྩིས་ཏེ་ བཙོན་ཁྲིམས་ལོ་༧ དང་ཟླཝ་༣ ཕོག་ཡོདཔ་མ་ཚད་ གནག་རྒྱས་དེ་ ངན་ལྷད་དང་ གཡོ་སྒྱུ་ མགུ་སྐོར་ ནང་གསུག་བྱིན་པ་དང་ གཞུང་གི་ཡིག་ཆས་སྐྱོན་ཞུགས་དང་ གཡོ་བཅོས་ མ་དངུལ་སྒེར་སྤྱོད་ ཡིག་ཚང་གི་ བྱ་སྤྱོད་ངན་པ་ ཆ་ཚད་མ་མཉམ་པའི་ རྒྱུ་དངོས་ཀྱི་ ཐོ་ཡིག་ལ་སོགས་པའི་ ཉེས་འཛུགས་ཚུ་ལུ་བརྟེན་ བཙོན་ཁྲིམས་ལོ་༧ ཕོག་ཡོདཔ་ཨིན་པས།
དེ་འབདཝ་ད་ སངས་རྒྱས་རྒྱལ་མཚན་གྱི་ཨ་པ་ ཟླ་བ་ཚེ་རིང་གིས་ མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལ་ ཁྲལ་ཟུར་ཐབས་འབད་བའི་ མ་དངུལ་ས་ཡ་༣.༩༡༥ གཞུང་ལུ་ སོར་ཆུད་འབད་ཡོདཔ་ད་ ཟླ་བ་ཚེ་རིང་གིས་ སྤྱི་ལོ་༢༠༠༤ ལས་༢༠༠༧ ཚུན་ ཁྲལ་ཟུར་ཐབས་འབད་དེ་ འོང་འབབ་ཀྱི་ ཁྲལ་མ་བཏབ་པའི་ཉེས་ཆད་བརྒྱ་ཆ་༡༠༠ ཐོག་ དངུལ་ཀྲམ་ས་ཡ་༡༣.༡༤༦ ལྷགཔ་ཅིག་ གཞུང་ལུ་ བཏབ་དགོཔ་སྦེ་ ཆེ་མཐོ་ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་མི་དེ་ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ བསྒྱུར་བཅོས་འབད་དེ་ དངུལ་ཀྲམ་ས་ཡ་༣.༩༡༥ ལུ་ ཕབ་ཐོག་ལས་ ཞག་དུས་ཟླཝ་༦ ནང་ སོར་ཆུད་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
མཐོ་གཏུགས་པ་གཞན་ ཕུརཔ་འཕྲིན་ལས་ཀྱིས་ བར་འཐུས་དངུལ་ཀྲམ་ས་ཡ་༠.༢༤༠ ལེན་མི་དེ་ཡང་ ཞག་དུས་ནང་ གཞུང་གི་རྩིས་ཁྲ་ནང་ ལོག་བཙུགས་ཡོདཔ་ད་ ཁོང་གཉིས་ཆ་ར་གིས་ ཞག་དུས་བྱིན་མི་ནང་ མ་དངུལ་སོར་ཆུད་འབད་ཡི་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ སླབ་ཨིན་པས།
བསམ་རྩེའི་ས་གཏེར་གྱི་ ངན་ལྷད་ལག་ལེན་ནང་ བཙོན་ཁྲིམས་ཕོག་མི་༧ གྱིས་ བསམ་རྩེ་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་བའི་ཤུལ་ལུ་ མངོན་མཐོ་ཁྲིམས་འདུན་ལུ་ རྩོད་ཟླ་༥ གིས་ མཐོ་གཏུགས་འབད་ཡོདཔ་ད་ གཞན་ཚུ་ལུ་ བཙོན་འཐུས་བཏབ་སྟེ་ བཏང་ཡོདཔ་ཨིན་པས།
ངན་ལྷད་ལག་ལེན་གྱི་སྐོར་ལས་ མི་༡ གིས་ སྤྱི་ལོ་༢༠༠༨ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞུ་ལོག་རྐྱབ་པའི་ཤུལ་ལུ་ ཞིབ་དཔྱད་འབད་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་བཤེར་འབད་ཡོད་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment