གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་ལུ་ཉེན་བརྡ།

༡༤/༦/༢༠༡༣   དེ་ལས་ འགོ་ཐོག་བཙག་འཐུ་ལས་ཕམ་མི་ སྲིད་ཚོགས་༢ ཀྱི་ འགོ་འདྲེན་པ་དང་ འཐུས་མི་ཚུ་གིས་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་མི་ སྲིད་ཚོགས་པ་༢ ལུ་ རྒྱབ་སྐྱོར་དང་ ཐོ་བཀོད་གསརཔ་ འབད་མི་ཆོག་ནི།
༉ ཁ་ཙ་ མོང་སྒར་རྫོང་ཁག་གི་ བཙག་འཐུ་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ མི་སེར་དམངས་གཙོ་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་ལུ་ འོས་འབབ་ལྡན་པའི་ དབང་འཛིན་ལས་ གནང་བ་མེད་པར་ ཞལ་འཛོམས་འགོ་འདྲེན་འཐབ་མི་ལུ་ ཉེན་བརྡ་བྱིན་ཡོདཔ་ཨིན་པས།


དེ་ཡང་ རྫོང་ཁག་འགོ་འདྲེན་པ་ རྣམ་རྒྱལ་རྡོ་རྗེ་དང་ ཚོགས་པའི་འདེམས་ངོ་ འཇིགས་མེད་བཟང་པོ་གིས་ སྤྱི་ཟླ་༦ པའི་ཚེས་༡༡ ལུ་ མོང་སྒར་དབང་ཕྱུག་བཟའ་ཁང་ནང་ བཙག་འཐུ་ལྷན་ཚོགས་ལས་ གནང་བ་མེད་པར་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་མི་ལུ་ འབྲུག་ཕུན་སུམ་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་གིས་ ཉོགས་བཤད་བཀོད་པའི་ཤུལ་ལས་ ཞིབ་དཔྱད་རྐྱབ་ད་ ངེས་བདེན་ཨིན་པའི་ ངོས་འཛིན་བྱུང་ནི་དེ་གིས་ཨིན་པས།
ཚོགས་ཆུང་གི་ གྲོས་ཆོད་དང་འཁྲིལ་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་གིས་ ཞལ་འཛོམས་འགོ་འདྲེན་འཐབ་ནིའི་ ས་གནས་དང་ དུས་ཚོད་སྐོར་ འོས་འབབ་དང་ལྡན་པའི་ དབང་འཛིན་ལས་གནང་བ་མ་ལེན་ནི་དེ་གིས་ སྲིད་དོན་ཚོགས་པའི་ སྒྲིག་གཞི་༢༠༡༢ ཅན་མ་དང་ སྲིད་དོན་ཚོགས་པའི་ ཀུན་སྤྱོད་རྣམ་གཞག་ལས་འགལ་ནུག་ཟེར་ཨིན་པས།
ད་ལས་ཕར་ འདི་བཟུམ་མའི་ ཞལ་འཛོམས་འགོ་འདྲེན་འཐབ་ད་ བཙག་འཐུའི་བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ལུ་ གནས་དགོ་པའི་ཁར་ གལ་སྲིད་ མ་འོངས་པ་ལུ་ དེ་བཟུམ་གྱི་ བྱ་སྤྱོད་རེ་ འཐབ་པ་ཅིན་ དེ་ལས་མཐོ་བའི་ ཉེས་ཁྲིམས་བཀལ་ནི་ཨིན་ཟེར་ ཚོགས་ཆུང་གིས་ རྣམ་རྒྱལ་རྡོ་རྗེ་ལུ་ ཉེན་བརྡ་བྱིན་ཡོདཔ་ཨིན་པས།
དེ་མ་ཚད་ འགོ་ཐོག་བཙག་འཐུ་ལས་ཕམ་མི་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་སྤྱིར་དབང་ཚོགས་པའི་ འགོ་འདྲེན་པ་དང་འཐུས་མི་ཚུ་གིས་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་༢ ལུ་ རྒྱབ་སྐྱོར་དང་ འཐུས་མི་གསརཔ་ཐོ་བཀོད་འབད་ནི་དེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་དུས་ཡུན་སྐབས་ མི་ཆོག་ཟེར་ གྲོས་ཆོད་བཏོན་ནུག།
ད་རུང་ སྲིད་དོན་ཚོགས་པ་ མཉམ་བསྡོམས་འབད་ནི་དང་ སྲིད་དོན་ཚོགས་པའི་ ལས་བྱེདཔ་མེན་མི་ཚུ་ སྲིད་དོན་ཚོགས་པ་གཞན་ག་ལུ་ཡང་ ཐད་ཀར་རྒྱབ་སྐྱོར་འབད་ནི་དེ་ བཙག་འཐུའི་ཀུན་སྤྱོད་རྣམ་གཞག་དང་ བཙག་འཐུའི་བཅའ་ཁྲིམས་ལས་འགལཝ་ཨིན་ཟེར་བཀོད་ནུག།
འབྲུག་ཕུན་སུམ་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་གིས་ ཉོགས་བཤད་ཡི་གུ་ནང་ ད་རེས་ནངས་པར་ བཙག་འཐུ་ལྷན་ཚོགས་ལས་ གནང་བ་མ་གྲོལ་ཚུན་ དེ་བཟུམ་མའི་ ཚོགས་པའི་ཞལ་འཛོམས་ཚུ་ འགོ་འདྲེན་འཐབ་མ་ཆོགཔ་སྦེ་ཡོད་རུང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་མི་དེ་ ག་ཅི་ཨིན་ན་ ཧ་མ་གོ་ཟེར་ བཀོད་ཡོདཔ་ཨིན་པས།
དེ་མ་ཚད་ མི་སེར་དམངས་གཙོ་ཚོགས་པ་གིས་ མི་སེར་༡༦༠ དང་༡༨༠ དེ་ཅིག་འབོ་སྟེ་ ཞལ་འཛོམས་འགོ་འདྲེན་འཐབ་མི་དེ་ བཙག་འཐུའི་བཅའ་ཁྲིམས་དང་ བཙག་འཐུ་འགོ་དཔོན་ཚུ་ལུ་ གུས་བཀུར་མེད་པར་ འབད་ནུག་ཟེར་ ཉོགས་བཤད་བཀོད་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པའི་ འགོ་འདྲེན་པ་གིས་འབད་བ་ཅིན་ འདེམས་ངོ་འཇིགས་མེད་བཟང་པོ་ ངོ་སྤྲོད་འབད་ནིའི་དོན་ལུ་ ཞལ་འཛོམས་འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
དེ་འབདཝ་ད་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་གིས་འབད་བ་ཅིན་  འདེམས་ངོ་འཇིགས་མེད་བཟང་པོ་དེ་ འགོ་ཐོག་བཙག་འཐུ་ནང་ བཅའ་མར་གཏོགས་མི་ལུ་བརྟེན་ ཡོངས་གྲགས་སོང་ཡོདཔ་ལས་ ངོ་སྤྲོད་འབད་དགོཔ་ མེད་ཟེར་ཨིནམ་ད་ ཞལ་འཛོམས་འགོ་འདྲེན་འཐབ་མི་དེ་ དོན་ཆེད་ར་ འགོ་ཐོག་བཙག་འཐུ་ནང་ཕམ་མི་ སྲིད་ཚོགས་༢ ཀྱི་ རྒྱབ་སྐྱོར་པ་ཚུ་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དགོཔ་སྦེ་ རྒྱུད་བསྐུལ་འབད་ཐབས་ལུ་ ཨིན་པས་ཟེར་ ཉོགས་བཤད་བཀོད་ནུག།
རྣམ་རྒྱལ་རྡོ་རྗེ་གིས་ བཙག་འཐུ་ལྷན་ཚོགས་ལུ་ཕུལ་མི་ ངག་བརྗོད་དང་འཁྲིལ་བ་ཅིན་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་མ་གཏོགས་ མི་སེར་གཞན་ག་ཡང་ འབོ་འབོཝ་མེད་པའི་ཁར་ གནང་བ་ཞུ་དགོ་པའི་སྐོར་ལས་ཡང་མ་ཤེས་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment