གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༡༩/༦/༢༠༡༣   དུང་དཀར་འབུབ་ཚུ་ བསད་མ་དགོ་པར་ ཚད་འཛིན་འབད་དགོ་པའི་ཞུ་བ།
༉ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ ནང་པ་སངས་རྒྱས་ཀྱི་བསྟན་པ་དར་སའི་ཡུལ་ ཁྱད་དུ་འཕགས་པ་ཅིག་ཨིན་པའི་ཁར་ འདི་ནང་གནས་པའི་མི་ཚུ་འབད་རུང་ ཆ་མཉམ་ར་ ནང་པའི་ཆོས་ལུ་ དད་པ་དང་ཡིད་ཆེས་ཡོད་མི་ ཙང་ཙ་ཨིནམ་ལས་ དེང་སང་སྙིགས་མ་ལྔ་བདོའི་དུས་ལུ་ འཛམ་གླིང་ནང་ ནང་པའི་ཆོས་ཀྱི་བསྟན་པ་ འཛིན་སྐྱོང་སྤེལ་གསུམ་འབད་མི་ ངོ་མ་ཅིག་ཨིན་པའི་ སྙན་གྲགས་ཁྱབ་སྟེ་ཡོད་ཟེར་ཞུ་ནི།


དེ་མ་ཚད་ འབྲུག་གི་ས་རྡོ་རི་བྲག་ཐམས་ཅད་ སྔོན་བྱོན་རྒྱལ་བ་གོང་མ་ སངས་རྒྱས་གཉིས་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་དང་ བཀའ་དྲིན་ཅན་གྱི་བདག་ཉིད་ དཔལ་ལྡན་རྩ་བའི་བླ་མ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྒྱལ་ལ་སོགས་པའི་ བསྟན་པའི་རྗེས་འཇུག་བླམ་དགེ་བའི་བཤེས་གཉེན་དང་ སྐྱེས་བུ་དམ་པ་གྲངས་ལས་འདས་པ་ཚུ་གིས་ ས་ཁྱོན་རྟ་རྨིག་ཙམ་ཡང་ བཀོག་མ་བཞག་པར་ བྱིན་གྱིས་བརླབས་གནང་མི་ལུ་བརྟེན་ ད་ལྟོ་ འབྲུག་རྒྱལ་ཁབ་འདི་ནང་ ནད་མུག་འཁྲུག་རྩོད་ལ་སོགས་ཚུ་མེད་པར་ དགའ་སྐྱིད་ཀྱི་ངང་ལུ་ འབྲུག་མི་ཚུ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ ཉིམ་སྲོ་སྟེ་ ལྷའི་ཞིང་ཁམས་ནང་ ལྷོད་སོཔ་བཟུམ་མའི་ སྤྲོ་ཉམས་བྱུང་སྟེ་ཡོད་ཟེར་ཞུ་ནི།
ལྷག་པར་དུ་ མཁན་ཆེན་ཁྲི་རབས་༧༠ པ་ སྐྱབས་རྗེ་ཡིད་བཞིན་ནོར་བུ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ཐུགས་ཀྱི་བརྩེ་བ་སྦོམ་གཟིགས་ཏེ་ སྐུ་འོ་བརྒྱལ་རུང་ རྒྱལ་ཁབ་མཐའ་དབུས་མེད་པར་ ཞབས་བཅགས་ཞིནམ་ལས་ འབྲུག་མི་དྲག་ཞན་ཆེ་ཆུང་མེདཔ་ ཆ་མཉམ་གྱི་མཐའ་དོན་ལུ་ དབང་ལུང་ཁྲིད་གསུམ་ལ་སོགས་པའི་ གསང་སྔགས་རྡོ་རྗེ་ཐེག་པའི་ གདམས་ངག་མང་རབས་ཅིག་ གནང་མི་ལུ་བརྟེན་ ང་བཅས་ར་ འབྲུག་མི་ཚུ་ཡང་ སྐལ་བ་དང་ལྡན་པས་ཟེར་ཞུ་ནི།
དམིགས་བསལ་དུ་ འདས་པའི་ལོ་ནང་ སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་གིས་ སྤུ་ན་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ གནང་པའི་སྐབས་ལུ་ རྫོང་ཁག་༢༠ ལས་ རྒན་གཞོན་མེདཔ་ཆ་མཉམ་གྱིས་ དད་མོས་བསྐྱེད་ཐོག་ལས་ རང་མེད་རོགས་ལས་འཚོལ་ཏེ་ རྒྱགས་སྐལ་དང་ཟད་འགྲོ་ཚུ་ མཁོ་སྒྲུབ་རྐྱབ་པའི་ཤུལ་ལུ་ དཀའ་སྤྱད་དེ་ དབང་ཆེན་ཞུ་བར་འཛོམས་ཅི་ཟེར་ཞུ་ནི།
དེ་བསྒང་ སྐྱབས་རྗེ་མཆོག་གིས་ ཉིནམ་ཨ་རྟག་ར་ འབད་བཏུབ་དང་མ་བཏུབ་པའི་ དགེ་སྡིག་བླང་དོར་གྱི་ གནས་ལུགས་ཚུ་ ཆུ་དྭངསམ་བ་ཉ་གསལཝ་སྦེ་ གསལ་བཤད་གནང་པའི་ཁར་ བཀའ་དབང་ཚར་རེ་ འགོ་བཙུགས་གནངམ་ད་ར་ རྩ་བས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཟེར་བའི་ ལན་བརྗོད་འབད་མི་དེ་ ད་རེས་འབདཝ་ད་ བཀའ་དབང་ཞུ་མི་ཚུ་གིས་ དེ་ལུ་མ་གནསཔ་བཟུམ་མའི་ ཚོར་སྣང་བྱུང་ཡི་ཟེར་ཞུ་ནི།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ད་རེས་ནངས་པ་ མོང་སྒར་རྒྱལ་པོའི་ཞིང་ལུ་སྡོད་མི་ཚུ་གིས་ སྡིག་ཆེ་སྙིང་རྗེ་མེད་པར་ དུང་དཀར་འབུབ་དུང་ཕྱུར་ལས་བཅད་དེ་ ས་དོང་བརྐོ་ཞིནམ་ལས་ ཚྭ་དང་གཅིག་ཁར་ སླ་བསྲེས་ཏེ་ ས་འོག་བཙུགས་བཞག་མི་དེ་ལུ་ལྟཝ་ད་ བཟོད་མ་ཚུགསཔ་ཅིག་ ཨིན་མས་ཟེར་ཞུ་ནི།
སྲོག་གཅོད་ཀྱི་ཐད་ཁར་ འབུ་སྲིན་གྱོག་མོ་བཟུམ་མའི་ གཟུགས་ཆུང་ཀུ་དང་ གླངམོ་ཆེ་བཟུམ་མའི་ གཟུགས་སྦོམ་གྱི་བར་ན་ ཁྱད་པར་མེདཔ་ལས་བརྟེན་ དེ་བཟུམ་མའི་ གྲངས་ལས་འདས་པའི་ དུང་དཀར་འབུབ་ཚུ་ བསད་མི་དེ་ ནང་པའི་ཆོས་དང་ རྒྱབ་འགལ་སྦོམ་ཨིནམ་ལས་ ནང་པའི་ཆོས་འཛིན་མི་ ཕྱི་མི་ཚུ་གིས་ཡང་ གློག་རིག་ཡོངས་འབྲེལ་ཚུ་ནང་ སྐྱོན་བརྗོད་དང་ འཛེམ་ཐབས་འབད་དགོ་པའི་སྐོར་ལས་ གསལ་བཀོད་འབདཝ་ད་ལུ་ ང་བཅས་ར་ འབྲུག་མི་ཚུ་ ངོ་ཚ་བའི་གཞི་ཅིག་ ཨིན་མས་ཟེར་ཞུ་ནི།
དེ་འབདཝ་ལས་ གྲྭ་ཚང་ཆོས་ཕྱོགས་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ འབྲེལ་གཏོགས་ཐོག་ལས་ དུང་དཀར་འབུབ་ཚུ་ བསད་མ་དགོ་པར་ མར་ཕབ་རྐྱབ་ནི་གི་ ཐབས་བྱུས་ཚུ་ བཏོན་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ཞུ་ནི།
 
ཀུན་དགའ་རྣམ་རྒྱལ།
ཐིམ་ཕུ་ ལྕང་ཟམ་ཏོག།

No comments:

Post a Comment