གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨེ་མའི་གོང་ཚད་མར་བབས་སོང་མི་ལུ་ སེམས་དང་ མ་ལྡནམ།

༡༡/༦/༢༠༡༣   ༉ ཕྱིའི་རྫས་སྦྱོར་ཚུ་ལག་ལེན་མ་འཐབ་པར་ རང་ལུགས་ཀྱི་ཚོད་བསྲེ་ཚུ་ ཐོན་སྐྱེད་འབད་ནིའི་ནང་ ཡོངས་གྲགས་ཡོད་མི་ རྩི་རང་རྫོང་ཁག་ནང་ རེས་གཟའ་ཟླ་བའི་ ཚོད་བསྲེ་ཁྲོམ་ཁར་ ད་ལྟོའི་བར་ན་ཡང་ མང་ཤོས་ རང་བཞིན་གྱི་ཚོད་བསྲེ་ཚུ་གིས་ ལྟེམ་ལྟེམ་སྦེ་ གང་ཡོད་པའི་མཐོང་གསལ་བྱུངམ་ཨིན་པས།
རྩི་རང་རྫོང་ཁག་གི་ ཚོད་བསྲེ་ཁྲོམ།


ཚོད་བསྲེ་ཚུ་གི་གྲས་ལས་ མང་ཤོས་ དུང་ལ་སྒང་རྒེད་འོག་དང་ མན་ཌལ་སྒང་ མཚོ་གླིང་མཁར་ དཀྱིལ་འཁོར་ཐང་རྒེད་འོག་ཚུ་ནང་ལས་ མི་སེར་སོ་ནམ་པ་ཚུ་གིས་ ཙེའུ་ནང་འདེགས་ཏེ་ རང་སོ་གིས་ འབག་འོང་མི་དང་ ལ་ལུ་ཅིག་གིས་ མཉམ་བསྡོམས་ཐོག་ལས་ སྣུམ་འཁོར་བོ་ལེ་རོ་དང་ མ་རུ་ཏི་བེན་ཚུ་ནང་ འཐུས་སྤྲོད་དེ་ འབག་འོང་མི་ སྲནམ་ཅུམ་དང་ ཧོན་ཚོད་ ལ་ཕུ་ ཀེ་བ་ དོ་ལོམ་ འོད་སུ་ ཨེ་མ་ སྤ་ཚར་ མེ་ཏོག་དང་ འདབ་མ་ཀོ་པི་ ཨོམ་གྱི་ཐོན་སྐྱེད་ མར་དང་ དར་ཚིལ་ཚུ་བཞག་ས་ལས་ ཚོང་མགྲོནཔ་ཚུ་གིས་ ཉོ་འབག་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཤིང་རྙིངམ་ཚུ་གུ་བཏགས་མི་ གྲོ་ལོད་ཨེ་མ་ཚུ་ཡང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠༠ རེ་སྦེ་ འགོ་ཐོག་ལུ་ ཀེ་ཇི་དག་པ་ཅིག་ འཐོན་ནི་འགོ་བཙུགས་ཡོད་རུང་ ཤིང་གསརཔ་ཚུ་གུ་བཏགས་མིའི་ ཨེ་མ་ཚུ་ ཟླཝ་༣ དེ་ཅིག་གི་རྒྱབ་ལས་ ཁྲོམ་ཁར་ ལྷོད་ཚུགས་པའི་རེ་བ་ཡོདཔ་ཨིན་པས།
ཚོད་བསྲེ་ཚུ་གི་གྲས་ལས་ ཚོང་པ་ཕྱེད་ཀ་ལྷགཔ་ཅིག་ལུ་ གཅིག་མཚུངས་སྦེ་ཚང་ཡོད་མི་དེ་ ད་རེས་ནངས་པ་ གསར་ཐོན་འབད་མི་ འབྲུག་པའི་ཨེ་མ་ཧོནམ་དེ་ཨིནམ་ད་ ཨེ་མའི་རིན་གོང་ཚུ་ སོ་ནམ་པ་ཚུ་གིས་ རང་སོའི་སེམས་དང་མ་ལྡནམ་སྦེ་ཐོབ་མི་ལུ་ དུམ་གྲ་ཅིག་ བློ་ཕམ་བྱུང་ཡོདཔ་ཨིན་པས།
ཨེ་མ་ཚུ་ རེས་གཟའ་ཟླ་བའི་དྲོ་པ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥ དང་༢༥ ལས་བརྒལ་ ཐོབ་མ་ཚུགསཔ་ད་ དེ་སྦེ་ མ་འཐོབ་མི་དེ་ཡང་ ད་རེས་ དུས་ཚོད་འ་ནེམ་ཅིག་ ཨེ་མའི་དུས་ཚོད་ཨིནམ་བཞིན་དུ་ མི་སེར་སོ་ནམ་པ་ མང་ཤོས་ཅིག་གིས་ སྟབས་གཅིག་ལུ་ ཚོད་བསྲེ་ཐོན་སྐྱེད་འབད་མི་ལུ་བརྟེན་ཨིན་པས།
ཨེ་མ་འབོར་ཆེ་ཏོག་ཏོ་སྦེ་ བཙོང་མི་ཅིག་ དུང་ལ་སྒང་ བི་ཅི་གའུན་ལས་ ཨིན་ད་ར་མ་ཡ་དེ་ཨིནམ་ད་ མོ་གིས་ སླབ་མིའི་ནང་ ཚོད་བསྲེ་གི་གོང་ཚད་ཚུ་ ལེ་ཤ་གིས་ མར་བབས་ཡར་སོ་ཡི་ཟེར་ཨིན་པས།
ཨིན་ད་ར་མ་ཡ་དེ་ རྫོང་ཁག་ནང་ ཨེ་མ་གསརཔ་ ཐོན་མིའི་གྲས་ལས་ཅིག་ཨིནམ་ད་ མོ་གིས་ སླབ་མིའི་ནང་ འདས་པའི་བདུན་ཕྲག་༢ དེ་ཅིག་གི་ཧེ་མར་ འགོ་ཐོག་ ཨེ་མ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༢༠ རེ་སྦེ་ བཙོང་ཡོད་རུང་ ད་ལྟོ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥ ལས་ ཐོབ་མ་ཚུགས་ཟེར་ཨིན་པས།
མོ་གིས་ ས་ཆ་དྲིསི་༧༥ དེ་ཅིག་ནང་ ཨེ་མ་འཛུགས་སྐྱོང་འབད་ཡོད་ས་ལས་ ད་ལྟོའི་བར་ན་ ཨེ་མ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༣༠,༠༠༠ དེ་ཅིག་བཟོ་ཡོདཔ་ད་ ད་རུང་ ཨེ་མ་བཙོང་འཕྲོ་དུམ་གྲ་ཅིག་ཡོདཔ་ལས་ གོང་ཚད་ཚུ་ ག་དེ་སྦེ་ཐོབ་ཚུགས་ག་ ཚ་གྱང་ཡོད་ཟེར་ཨིན་པས།
དུང་ལ་སྒང་ ཁྱི་རི་ཐང་ལས་ ལུང་བསྟན་ཆོས་འཛོམས་ཀྱིས་ རེས་གཟའ་ཟླཝ་ལུ་ འགྲམ་ཕུག་ཁྲོམ་ཁར་ མར་དང་ དར་ཚིལ་ཚུ་དང་གཅིག་ཁར་ ཨེ་མ་ཀེ་ཇི་༢༥ དེ་ཅིག་འབག་འོང་མི་དེ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠ རེ་སྦེ་བཙོང་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ ད་རེས་ ཚོད་བསྲེ་ཁྲོམ་ཁར་ བཙོང་མི་ཨེ་མ་ཚུ་ ཞིང་ནང་ལས་འཐོན་མི་ འགོ་དང་པ་ཨིན་རུང་ གོང་ཚད་ལེགས་ཤོམ་ཐོབ་མ་ཚུགས་ཟེར་ཨིན་པས།
དུང་ལ་སྒང་གི་ མི་སེར་སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ ཧེ་མ་ར་ ཨེ་མ་འཛུགས་སྐྱོང་འབད་མི་ མང་ཤོས་ཅིག་གི་ ལྡུམ་ར་ནང་ ནད་གཞི་ལུ་བརྟེན་ ཨེ་མ་ཤིང་ཚུ་ ཤི་བའི་ཁར་ ཁེ་སང་སྦོམ་མ་ཐོབ་མི་དེ་ གྱོང་རྒུད་ཐེབས་ཅིག་ཨིན་མས་ཟེར་ སླབ་ཨིན་པས།
མན་ཌལ་སྒང་རྒེད་འོག་ལས་ སྐྱེས་ལོ་༥༡ ལང་མི་ ཡེ་ཤེས་ལྷ་མོ་གིས་ སླབ་མིའི་ནང་ རྩི་རང་ལུ་ ཨེ་མིའི་གོང་ཚད་ ལེགས་ཤོམ་མ་འཐོབ་མི་ལུ་བརྟེན་ འཕྲལ་མགྱོགས་ར་ མོ་རའི་ཞིང་ན་ཡོད་མི་དང་ གཞན་ཁ་ལས་ བསྡུ་བགྱོམ་འབད་དེ་ དབང་འདུས་དང་ རྒྱལ་ས་ལྟེ་བ་ལུ་ བཙོང་པར་འགྱོ་ནིའི་འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment