གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་གྲངས་༩ ལུ་ བཙོན་ཁྲིམས་ལོ་༢ ལས་༡༥ ཚུན་བཀལ་ཡོདཔ།

༡༨/༦/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ གཞལམ་སྒང་རྫོང་ཁག་ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་མི་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༡༣ ལུ་ གཞལམ་སྒང་རྫོང་ཁག་ ནང་སྐོར་རྒེད་འོག་ ཉ་མཁར་ལྷ་ཁང་ནང་ལས་ བརྒྱད་སྟོང་པ་གསེར་བྲིསམ་ཅིག་ ཨར་རྐུན་ཤོར་མིའི་ནང་ འབྲེལ་གཏོགས་འབད་མི་ མི་གྲངས་༩ ལུ་ བཙོན་ཁྲིམས་ལོ་༢ ལས་༡༥ ཚུན་ བཀལ་ཡོདཔ་ཨིན་པས།


དེ་ཡང་ དཀོན་མཆོག་རྡོ་རྗེ་དང་ ལས་སྐྱིད་རྡོ་རྗེ་ དེ་ལས་ པདྨ་རྡོ་རྗེ་༣ གྱིས་ བསམ་སྦྱོར་གྱི་སྒོ་ལས་ ཉ་མཁར་ལྷ་ཁང་ནང་ལས་ གསུང་རྟེན་བརྒྱད་སྟོང་པ་ གསེར་གྱི་གླེགས་བམ་དེ་ ཨར་རྐུན་འབད་མི་ལུ་བརྟེན་ དབྱེ་རིམ་དང་པའི་ཉེས་ཆེན་ བཙོན་ཁྲིམས་ལོ་ངོ་༡༥ རེ་ ཕོག་ཡོདཔ་ཨིན་པས།
དཀོན་མཆོག་རྡོ་རྗེ་གིས་ གླེགས་བམ་ནང་ལས་ ཤོག་གྲངས་༣ བཏོན་ཏེ་ ལས་སྐྱིད་རྡོ་རྗེ་དང་ འཕྲིན་ལས་ཕུན་ཚོགས་༢ ལུ་སྤྲོད་དེ་ དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་ དེ་ལས་ བུམ་ཐང་ལུ་ ཉོ་མི་ཡོད་མེད་བལྟ་བར་ བཏང་ཡོདཔ་ཨིན་པས།
དེ་ལས་ བྱ་ངན་ནང་ ལྷན་ཐབས་འབད་མི་ བསོད་ནམས་སྐྱིད་པ་དང་ འཕྲིན་ལས་ཕུན་ཚོགས་༢ ལུ་ ཉེས་ཆེན་དབྱེ་རིམ་༤ པའི་ བཙོན་ཁྲིམས་ལོ་༤ རེ་དང་ མགོན་པོ་བསྟན་འཛིན་དང་ ལས་སྐྱིད་རྡོ་རྗེ་ བསོད་ནམས་དཔལ་འབྱོར་ འཇིགས་མེད་ཚུ་ལུ་ དབྱེ་རིམ་༤ པའི་ཉེས་ཆེན་ བཙོན་ཁྲིམས་ཀྱི་ཕྱེད་ཀ་འབདཝ་ད་ ལོ་༢ རེ་ བཀལ་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ བསོད་ནམས་སྐྱིད་པ་གིས་ དཀོན་མཆོག་རྡོ་རྗེ་དང་ པདྨ་རྡོ་རྗེ་ འཕྲིན་ལས་ཕུན་ཚོགས་ དེ་ལས་ ལས་སྐྱིད་རྡོ་རྗེ་ཚུ་ལུ་ གསེར་གྱི་གླེགས་བམ་ བཙོང་ནི་ཡོད་མེད་ཀྱི་སྐོར་ལས་ མི་ངོ་བོ་སྦེ་ ཕྱད་ཡོདཔ་མ་ཚད་ འགྲུལ་འཕྲིན་ཐོག་ལས་ ལན་ཐེངས་ལེ་ཤ་ཅིག་ འབྲེལ་བ་འཐབ་ཡོདཔ་ཨིན་པས།
མོ་གིས་ ལས་སྐྱིད་རྡོ་རྗེ་ལུ་ ཟད་འགྲོ་དངུལ་ཀྲམ་༣,༠༠༠ སྤྲོད་དེ་ དེ་ཚེ་ནུབ་མོར་ པདྨ་རྡོ་རྗེ་དང་གཅིག་ཁར་ དཀོན་མཆོག་རྡོ་རྗེ་འཕྱད་པར་བཏང་བའི་གུ་ གླེགས་བམ་ཨར་རྐུན་འབད་ནིའི་དོན་ལུ་ ཕད་ཙེ་ཚུ་ཡང་ གྲ་སྒྲིག་སྦེ་ སྤྲོད་བཏང་ཡོདཔ་ཨིན་པས།
དེ་མ་ཚད་ མོ་གིས་ མོ་རའི་རྨགཔ་ མགོན་པོ་བསྟན་འཛིན་གྱི་ རྒྱབ་སྐྱོར་ལེན་ཐོག་ལས་ ཚལ་དྭངས་ཟམ་པ་ཚུན་ སྣུམ་འཁོར་བདའ་སྟེ་ ལེན་པར་སོང་བའི་ཁར་ བུམ་ཐང་ཚུན་ བཙོང་པར་འབག་ཡོདཔ་ཨིན་པས།
མོ་གི་རྨགཔ་ ནང་པའི་དྲུང་འཚོ་ རྒན་ཤོས་ཅིག་ཨིན་མི་ མགོན་པོ་བསྟན་འཛིན་གྱིས་ ཉེས་ལས་འཐབ་མི་ཚུ་དང་གཅིག་ཁར་ འགྲུལ་འཕྲིན་ཐོག་ལས་ འབྲེལ་བ་འཐབ་འཐབ་མེདཔ་རུང་ ཁོ་རའི་ གནས་ཚང་གིས་ གླེགས་བམ་དེ་ སྒེར་མི་ཅིག་གི་ཨིན་པའི་སྐོར་ལས་ སླབ་མི་ལུ་བརྟེན་ ཁོ་ར་གནས་སོར་ ཀྲོང་གསར་ལུ་ཕོག་སྟེ་ ཁྱིམ་འཚོལ་བར་འགྱོ་བའི་ཞོར་ཁར་ བུམ་ཐང་ལུ་ འཕྲིན་ལས་ཕུན་ཚོགས་ཀྱི་ ཁྱིམ་ནང་ཚུན་ བསྐྱལ་བྱིན་ནི་དེ་གིས་ བཙོན་ཁྲིམས་ལོ་༢ བཀལ་ཡོད་མི་ལུ་ ཁྲིམས་འཐུས་བཏབ་ཆོགཔ་ཨིན་པས།
ཉེས་ལས་ལུ་ ལྷན་ཐབས་འབད་མི་གཞན་ འཕྲིས་ལས་ཕུན་ཚོགས་ཀྱིས་ཡང་ དཀོན་མཆོག་རྡོ་རྗེ་དང་ པདྨ་རྡོ་རྗེ་ ལས་སྐྱིད་རྡོ་རྗེ་ བསོད་ནམས་སྐྱིད་པ་ཚུ་དང་ ངོ་མ་སྦེ་ ཕྱད་ཡོདཔ་མ་ཚད་ འགྲུལ་འཕྲིན་ཐོག་ལས་ཡང་ ལོག་ཅི་ར་ གསེར་གྱི་གླེགས་བམ་ བཙོང་ནི་ཡོད་མེད་ དྲིས་ཡོདཔ་མ་ཚད་ དགེ་ལེགས་ཕུག་ལུ་ཡང་ སོང་མི་ལུ་བརྟེན་ ཉེས་ཆེན་དབྱེ་རིམ་༤ པའི་ བཙོན་ཁྲིམས་ལོ་༤ ཕོག་ཡོདཔ་ཨིན་པས།
ཁོ་གིས་ གླེགས་བམ་ནང་ལས་ དཔེ་ཚན་ཤོག་གྲངས་༣ འབད་མི་ཅིག་ཡང་ བཏོན་ཐོག་ལས་ བུམ་ཐང་ལས་ཕར་ ཚོང་མགྲོན་པ་འཚོལ་བར་ སོང་ཡོདཔ་ལས།
བུམ་ཐང་ལས་ཨིན་མི་ ལས་སྐྱིད་རྡོ་རྗེ་གིས་ འཕྲིན་ལས་ཕུན་ཚོགས་ལས་ བརྒྱད་སྟོང་པ་ ཤོག་གྲངས་༣ འབད་མི་དེ་ ལེན་ཞིནམ་ལས་ ཚོང་འབྲེལ་འཐབ་སྟེ་ འོང་འབབ་སྦོམ་བཟོ་ནིའི་དོན་ལུ་ དབང་འདུས་ཕོ་བྲང་དང་ ཐིམ་ཕུའི་ས་གནས་ཚུ་ནང་ བཙོང་པར་འབག་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བསོད་ནམས་དཔལ་འབྱོར་གྱིས་ཡང་ ཁོ་རའི་ཨ་པ་ འཇིགས་མེད་དང་ གྲོས་བསྟུན་འབད་དེ་ ལས་སྐྱིད་རྡོ་རྗེ་ལས་ བརྒྱད་སྟོང་པའི་ཤོག་གྲངས་༣ འབད་མི་དེ་ལེན་ཏེ་ དབང་འདུས་ཕོ་བྲང་དང་ ཐིམ་ཕུ་ལུ་ བཙོང་པར་འབག་ཡོདཔ་ལས་ ཁོང་༢ ཆ་ར་ལུ་ ཉེ་ཆེན་དབྱེ་རིམ་༤ པའི་ བཙོན་ཁྲིམས་ཕྱེད་ཀ་རེ་ ཕོག་ཡོད་རུང་ ཁྲིམས་འཐུས་བཏབ་ཆོགཔ་སྦེ་ འཁྲུན་ཆོད་ནང་བཀོད་ནུག།
འཁྲུན་ཆོད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འཇིགས་མེད་ཀྱིས་ ཁོ་རའི་བུ་ བསོད་ནམས་དཔལ་འབྱོར་གྱི་ ཁ་ལུ་ཉན་ཐོག་ལས་ དབང་འདུས་ཕོ་བྲང་ལུ་ གླེགས་བམ་ཉོ་མི་ བསོད་ནམས་ཟེར་མི་ཅིག་ ཡོད་ལུགས་སྐོར་ལས་སླབ་སྟེ་ འཕྲིན་ལས་ཕུན་ཚོགས་དང་ ལས་སྐྱིད་རྡོ་རྗེ་ དེ་ལས་ བསོད་ནམས་དཔལ་འབྱོར་༣ དབང་འདུས་ཕོ་བྲང་ལུ་ བཏང་མི་དང་འཁྲིལ་ ཉེས་ཆེན་དབྱེ་རིམ་༤ པའི་ བཙོན་ཁྲིམས་ཕྱེད་ཀ་འབདཝ་ད་ ལོ་༢ བཀལ་མི་ལུ་ཡང་ ཁྲིམས་འཐུས་བཏབ་ཆོགཔ་ཨིན་པས།
ཨིན་རུང་ རིན་གོང་དངུལ་ཀྲམ་༡༡,༣༣,༠༥༧ གནས་པའི་ ཤོག་གྲངས་༣༢༨ འབད་མི་ གླེགས་བམ་དེ་ ཉ་མཁར་ལྷ་ཁང་གི་ གསུང་རྟེན་སྦེ་ ལོག་རྩིས་སྤྲོད་འབད་ཡོདཔ་ཨིན་པས།
གླེགས་བམ་དེ་ཡང་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༡༣ གྱི་ནུབ་མོར་ དཀོན་མཆོག་རྡོ་རྗེ་གིས་ ཁོ་རའི་ཆ་རོགས་ པདྨ་རྡོ་རྗེ་དང་ ལས་སྐྱིད་རྡོ་རྗེ་༢ འབོ་སྟེ་ ལྷ་ཁང་གི་ སྒོའི་རྣལ་ལྕགས་དེ་ བཅག་དཀྲུམ་ཐོག་ལས་ བཏོན་འབག་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment