གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་ཁ་གིས་ ལེགས་བསྒྱུར་གྱི་དོན་ལུ་ གདམ་ཁ་རྐྱབ་ཡོདཔ།

༥/༦/༢༠༡༣   ཚོགས་རྒྱན་སྐྱུར་མི་ མང་ཤོས་ཅིག་གིས་ར་ གཞུང་སྐྱོང་ཚོགས་པ་དེ་ ཕྱུགཔོ་ཚུ་ལུ་ རྒྱབ་སྐྱོར་མངམ་འབད་དོ་བཟུམ་མའི་ མཐོང་སྣང་བྱུང་ནུག།
༉ དུས་ཅི་ སྤྱི་ཟླ་༤ པའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་སྐབས་ ལེགས་བསྒྱུར་གྱི་དོན་ལུ་ འཐུས་མི་བགྲེསཔ་ལས་ འདེམས་ངོ་གསརཔ་ཅིག་ གདམ་ཁ་རྐྱབ་མི་༡ ཆུ་ཁ་རྫོང་ཁག་དེ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༣༡ ལུ་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ནང་ཡང་ ཆུ་ཁ་རྫོང་ཁག་གི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེ་བཟུམ་སྦེ་ར་ དང་ལེན་འབད་ནུག།



སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་ནང་ རྫོང་ཁག་དེ་གི་ འདེམས་ཁོངས་གཉིས་ཀྱིས་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ཚུ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ད་ ད་རིས་ཀྱི་ བཙག་འཐུའི་ནང་ འདེམས་ཁོངས་༡ མི་སེར་དམངས་གཙོའི་ཚོགས་པ་དང་ འདེམས་ཁོངས་གཞན་དེ་ འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཅི།
དེ་ཡང་ བོང་སྒོ་-སྐྱབས་ཆ་འདེམས་ཁོངས་ནང་ ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་༧,༡༩༥ ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༣,༨༦༣ འབདཝ་ད་ བརྒྱ་ཆ་༥༤ ཐོབ་མི་དེ་ མཐོ་ཤོས་ཨིནམ་ད་ ཕུན་ཚོགས་གླིང་འདེམས་ཁོངས་ནང་ སྲིད་ཚོགས་གསརཔ་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༡,༨༦༩ འབདཝ་ད་ བརྒྱ་ཆ་༣༣ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ འདེམས་ཁོངས་དེ་ནང་ མི་གྲངས་༥,༦༣༨ ཀྱིས་ ཚོགས་རྒྱན་བཙུགས་ནུག།
འབྲུག་ཕུན་སུམ་ཚོགས་པ་གིས་ བོང་སྒོ་-སྐྱབས་ཆ་ལས་ ཚོགས་རྒྱན་༡,༦༤༣ དང་ ཕུན་ཚོགས་གླིང་འདེམས་ཁོངས་ལས་༡,༥༡༢ མ་གཏོགས་ ཐོབ་མ་ཚུགས་པའི་ཁར་ འབྲུག་སྤྱིར་དབང་ཚོགས་པ་གིས་ བོང་སྒོ་-སྐྱབས་ཆ་ལས་ ཚོགས་རྒྱན་༥༠༡ དང་ ཕུན་ཚོགས་གླིང་ལས་༤༨༨ ལས་བརྒལ་ མ་ཐོབ་པས།
བོང་སྒོ་ལས་ མི་སེར་རྒན་ཤོས་ཅིག་གིས་ སླབ་མིའི་ནང་ རང་གི་རྒེད་འོག་ནང་ལས་ འདེམས་ངོ་ཡོད་པ་ཅིན་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ ཁོ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཨིནམ་ད་ གཡུས་སྒོ་དེ་ནང་ གནད་དོན་མང་རབས་ཅིག་ བསལ་དགོཔ་ཡོདཔ་ཨིན་རུང་ སྤྱི་ཚོགས་ནང་ གྲོས་གཞི་དག་པ་ཅིག་མ་གཏོགས་ འགྱོ་ནི་མེདཔ་ལས་ ཁོང་གི་ རྒེད་འོག་ནང་ལས་ འཐུས་ཚབ་ཅིག་ དགོཔ་འདུག་ཟེར་ ཁོ་གིས་ སླབ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ བོང་སྒོ་-སྐྱབས་ཆ་འདེམས་ཁོངས་ཀྱི་འདེམས་ངོ་ ཟླ་བ་རྒྱལ་མཚན་དེ་ བོང་སྒོཔ་ཨིནམ་ད་ འདེམས་ཁོངས་དེ་ནང་ བྱག་ཕྱོགས་དང་ བོང་སྒོ་ སྐྱབས་ཆ་ དར་ལ་ དགེ་ཏེ་ན་རྒེད་འོག་ཚུ་ཚུདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨྱོན་ཚེ་རིང་དེ་ སྐྱབས་ཆ་ལས་ཨིནམ་ད་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཀརྨ་དངོས་གྲུབ་དེ་ བྱག་ཕྱོགས་ལས་ཨིན་པས།
སྲིད་ཚོགས་གཞན་གདམ་ཁ་རྐྱབ་དགོ་མིའི་ གནད་དོན་ཅིག་ སྤྱི་ལོ་༢༠༠༩ ལུ་ རྩི་མ་ལ་ཁ་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་བུཚ་༧ ཆུ་གིས་ འཕྱགས་འབག་མི་ལུ་བརྟེན་ཨིན་ཟེར་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ བཤདཔ་ཨིན་པས།
མདའ་གིས་ཕོག་སྟེ་ རྨ་སྐྱོན་ཚབས་ཆེན་བྱུང་མི་ སྤྱི་ཚོགས་ཀྱི་ འཐུས་མི་ཅིག་གི་དོན་ལུ་ རྒྱ་གར་ལས་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ དེ་འཕྲོ་ལས་ ཞུ་བ་འབད་དེ་ སྨན་བཅོས་འབད་བར་ བཏང་ཡོད་རུང་ ཆུ་གིས་འཕྱགས་བདའ་མི་ སློབ་ཕྲུག་བུཚ་ཚུ་ སྲོག་སྐྱབས་འབད་ནི་གི་ ཐབས་ཤེས་ག་ཅི་ཡང་ བཏོན་མ་བཏུབ་ཟེར་ ཚོགས་རྒྱན་སྐྱུར་མི་ཅིག་གིས་ བཤད་པའི་ཁར་ འདི་བཟུམ་མའི་ ཕྱུགཔོ་དང་སྤྱང་ཀའི་བར་ན་ ཉེ་རིང་ཕྱེ་མི་མིན་པར་ མི་སེར་ལུ་ ཆ་རོགས་འབད་མི་ གཞུང་ཅིག་ དགོཔ་ཨིན་ཟེར་ སླབ་ཨིན་པས།
མ་གཞི་ མི་ལེ་ཤ་ཅིག་གིས་ དགོད་བྲ་བཟུམ་ཅིག་སྦེ་ བརྩི་འཇོག་འབད་དེ་ སྐྱོན་བརྗོད་འབདཝ་ཨིན་རུང་ མི་སེར་དམངས་གཙོ་ཚོགས་པ་གིས་ གློ་བུར་ཞབས་ཏོག་གི་དོན་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་མཁོ་སྒྲུབ་འབད་ནི་གི་ ཁས་བླངས་འབད་མི་དེ་གིས་ ཆུ་ཁའི་ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཡིད་ཆེས་འདྲོངས་བཅུག་ཡོདཔ་ཨིན་པས།
ད་རུང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་མ་འབད་མི་དེ་ཡང་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་ཐུང་ཀུ་འགྱོ་ནི་ཨིན་མི་ འདམ་ཆུ་ལས་ ཕྲང་ལམ་སེལ་མི་ལུ་བརྟེན་ཨིནམ་ད་ ཕྲང་ལམ་སེལ་ཚར་བའི་བསྒང་ལས་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་བར་ན་ འགྲོ་འགྲུལ་འབད་མི་ཚུ་ རྩི་མ་ལ་ཁ་དང་ སྐྱབས་ཆ་བརྒྱུད་དེ་ འགྱོ་མ་དགོ་པའི་ ཕན་ཐབས་ཡོད་རུང་ ས་གནས་དེ་གཉིས་ནང་ སྡོད་མི་དང་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ཐོ་ཕོག་ནི་ཨིན་པས།
བོང་སྒོ་-སྐྱབས་ཆ་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་བསྡོམས་༡༢,༡༣༦ ཡོད་མི་ལས་ ཕོ་སྐྱེས་༦,༤༡༤ དང་ ཨམ་སྲུ་༣,༡༣༠ འབདཝ་ད་ མི་གྲངས་༩,༥༥༤ (བརྒྱ་ཆ་༧༩) གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ མི་སེར་ཚུ་གིས་འབད་བ་ཅིན་ བཙག་འཐུ་དེ་ ཆར་ཆུའི་དུས་ཚོད་ནང་མིན་པ་ཅིན་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ དེ་བ་མངམ་ཐོན་ཐོནམ་འོང་ཟེར་ཨིན་པས།
ཕུན་ཚོགས་གླིང་བཟུམ་ཅིག་ལུ་འབད་བ་ཅིན་ རྒྱལ་ཁ་ཐོབ་མི་དེ་ གཙོ་བོ་ར་ ཚོགས་པའི་འདེམས་ངོ་ རྒེད་འོག་དེ་ནང་ལས་འབད་མི་ལུ་བརྟེན་ ས་ཁོངས་དེ་གི་ མི་སེར་ཚུ་གིས་ རྒྱབ་སྐྱོར་འབད་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཇའི་བྷ་དུར་རའེ་གིས་ ཚོགས་རྒྱན་༢,༩༤༨ ཐོབ་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༡,༧༦༩ ཐོབ་ནུག།
ཧེ་མའི་ གཞུང་སྐྱོང་ཚོགས་པ་གིས་ གོང་འཕེལ་གྱི་ གྲུབ་འབྲས་བཏོན་ཡོད་རུང་ ཕན་ཐོགས་བྱུང་མི་ གཙོ་བོ་ར་ ཕྱུགཔོ་ཚུ་ཨིན་ཟེར་ བསམ་འཕེལ་གླིང་ལས་ སོ་ནམ་ཞིང་པ་ཅིག་གིས་ བཤད་པའི་ཁར་ ཚོང་པ་ཚུ་ལུ་ མ་རྩ བཙུགས་ནི་གི་ གོ་སྐབས་ལེ་ཤ་བྱིན་ཡོད་རུང་ སོ་ནམ་ཞིང་པ་ཉམ་ཆུང་ཚུ་ དུས་ཚོད་དང་འཁྲིལ་བའི་ སོ་ནམ་ལཱ་ལུ་ འཚོ་བ་བརྟེན་སྡོད་ཡོདཔ་ལས་ འགྱུར་བ་ཅིག་ ག་ནི་ཡང་ མ་བྱུང་ཟེར་ སླབ་ཨིན་པས།
ཕུན་ཚོགས་གླིང་འདེམས་ཁོངས་ནང་ གདུང་ནག་དང་ དགེ་གླིང་ ལོག་ཅི་ནང་ སྨད་ལྟབ་ཁ་ ཕུན་ཚོགས་གླིང་ ཕུན་ཚོགས་གླིང་ཁྲོམ་ བསམ་འཕེལ་གླིང་ཚུ་ ཚུདཔ་བཞིན་དུ་ འདེམས་ཁོངས་དེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་བསྡོམས་༩,༡༩༨ ཡོད་མི་ལས་༥,༣༧༣ གྱིས་ ཚོགས་རྒྱན་བཙུགས་ནུག།
བོང་སྒོ་-སྐྱབས་ཆ་ལས་ འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ ཏེཇ་བྷ་དུར་ཆེ་ཏི་རི་དང་ ཕུན་ཚོགས་གླིང་གི་འདེམས་ངོ་ ཧེམ་ཀུ་མར་ག་ལེ་གིས་ ཚོགས་རྒྱན་གངམ་ཐོབ་མ་ཚུགས་པས།
མི་སེར་ཚུ་གི་སེམས་ཁར་ ང་བཅས་ཀྱི་ འདེམས་ངོ་ཚུ་ གཞོན་ཤོས་ཨིནམ་མ་ཚད་ འགོ་ཁྲིད་པའི་ ལྕོགས་གྲུབ་མེདཔ་སྦེ་ མནོ་ནུག་ཟེར་ ཧེམ་ཀུ་མར་ག་ལེ་གིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment