གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༥/༥/༢༠༡༣ ཨམ་སྲུའི་འགོ་ཁྲིདཔ་ལུ་ ཨམ་སྲུ་ཚུ་ལས་ར་ རྒྱབ་སྐྱོར་མེད་པའི་མངོན་གསལ།
༉ བདུན་ཕྲག་ཧེ་མའི་ནང་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ནང་ བཅའ་མར་གཏོགས་མི་ཚུ་ལུ་ལྟཝ་ད་ ཚོགས་རྒྱན་སྐྱུར་མི་ མང་ཤོས་ཅིག་ར་ ཨམ་སྲུ་ཚུ་ཨིན་རུང་ ཨམ་སྲུ་༢ ཀྱིས་ འགོ་ཁྲིད་འབད་མི་ སྲིད་དོན་ཚོགས་པ་གཉིས་ཆ་ར་ སྤྱིར་བཏང་བཙག་འཐུའི་དོན་ལུ་ མཐར་འཁྱོལ་བྱུང་མ་ཚུགས་པས།


དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོའི་ཚོགས་པ་གཉིས་ལུ་ དོ་འགྲན་སྒྲིང་སྒྲིང་བྱིན་མི་ འབྲུག་མཉམ་རུབ་ཚོགས་པ་དང་ མཐར་འཁྱོལ་བྱུང་མི་ཚུགས་ནི་ཨིན་པའི་ སྔོན་བཤད་འབད་མི་ འབྲུག་སྤྱིར་དབང་ཚོགས་པ་༢ ཕམ་ཡོདཔ་ད་ བཙག་འཐུའི་ཤུལ་ལས་ བསམ་ཞིབ་འབདཝ་ད་ སྲིད་ཚོགས་དེ་གཉིས་ ཕམ་དགོ་པའི་ རྒྱུ་རྐྱེན་གཙོ་བོ་ར་ སྲིད་ཚོགས་གསརཔ་འབད་བ་ལུ་བརྟེན་ མི་སེར་ཚུ་ལུ་ བློ་གཏད་དང་ ཡིད་ཆེས་གངམ་མེད་ནི་དེ་གིས་ཨིན་མས།
མ་གཞི་ རྒྱལ་ཁབ་ཀྱི་ རྫོང་ཁག་༢༠ ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་༣༨༡,༧༩༠ ཡོད་མི་ལས་ བརྒྱ་ཆ་༥༥ དེ་ཅིག་ ཨམ་སྲུ་ཨིན་རུང་ སྲིད་ཚོགས་ཀྱི་གཙོ་འཛིན་ ཕོ་སྐྱེས་ཡོད་མི་ལུ་ ཚོགས་རྒྱན་མངམ་བཙུགས་ཡོདཔ་ལས་ ཨམ་སྲུ་གཙོ་འཛིན་ལུ་ རྒྱབ་སྐྱོར་མེད་པའི་ བརྡ་མཚོན་སྟོན་ཡི།
ཨམ་སྲུ་ལུ་ རྒྱབ་སྐྱོར་མ་འབད་མིའི་ རྒྱུ་རྐྱེན་ཅིག་ ད་ཚུན་གྱི་བར་ན་ འབྲུག་རྒྱལ་ཁབ་འདི་ རྒྱལཔོ་རིམ་བྱོན་ཚུ་གིས་ སྐྱོང་གནང་སྟེ་ མི་ལོ་༡༠༠ གི་ཤུལ་ལས་ དམངས་གཙོའི་རིང་ལུགས་གཞི་བཙུགས་དང་འབྲེལ་ གཞུང་སྐྱོང་གི་ དབུ་ཁྲིད་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ ཕོ་སྐྱེས་ཚུ་གིས་ འབད་མི་ལུ་བརྟེན་ཨིནམ་སྦེ་ གྲོང་གསེབ་མི་སེར་ཚུ་གིས་ སླབ་ཨིན་མས།
མཐའ་ཟུར་གྱི་ མི་སེར་ཚུ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ད་ལྟོ་ཚུན་ཚོད་ གཞུང་གི་དབུ་ཁྲིད་དེ་ ཨམ་སྲུ་གིས་འབད་འབདཝ་མེདཔ་མ་ཚད་ གལ་སྲིད་ ཨམ་སྲུ་དེ་ གཞུང་སྐྱོང་མི་སྦེ་ བཙག་འཐུ་འགྲུབ་པ་ཅིན་ གཞུང་ག་དེ་སྦེ་ སྐྱོང་ཚུགས་འོང་ག་ཟེར་ དོགས་སྣང་བྱུང་ནི་དེ་གིས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབད་མ་ཚུགས་ཟེར་ཨིན་མས།
འདི་བཟུམ་མའི་ མནོ་ལུགས་ཡོད་མི་དེ་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ འབྲི་ལྷག་གི་ ཤེས་ཡོན་མེད་པའི་ སྐྱོན་ཨིནམ་ལས་ མནོ་ལུགས་འདི་བཟུམ་མེདཔ་བཟོ་ནི་ལུ་ ད་རུང་ཡང་ ལོ་ངོ་བཅུ་ཕྲག་སྦེ་ འགོར་ནི་གི་ འོས་འབབ་འདུག།
འབྲུག་ལུ་ ཨམ་སྲུ་དང་ ཕོ་སྐྱེས་ཀྱི་བར་ན་ དབྱེ་བ་ཕྱེ་སྲོལ་མེདཔ་མ་ཚད་ རང་སོའི་ཤེས་ཡོན་དང་ རིག་རྩལ་དང་འཁྲིལ་ ལཱ་གཡོག་གི་ གོ་སྐབས་ཚུ་ཡང་ འདྲ་མཉམ་ཡོདཔ་ཨིན་རུང་ ཆེ་རིམ་ཅན་གྱི་ གོ་གནས་ཁར་ལྷོད་མི་ ཨམ་སྲུ་དག་པ་ཅིག་མ་གཏོགས་མེད་པའི་ཁར་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ནང་ ཨམ་སྲུ་འཐུས་མི་ཕུད་རྡོག་གཅིག་ཡང་མེད་མི་ལུ་ལྟཝ་ད་ སེམས་ཕམ་བྱུང་པའི་ གཞི་གནད་ཅིག་ཨིན་མས།
རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཚུ་ནང་ ཨམ་སྲུ་ལྕོགས་གྲུབ་ཅན་དང་ ཡོན་ཏན་ཅན་ཚུ་གིས་ ག་ཅི་སྦེ་ འཛུལ་འདོད་མ་བསྐྱེདཔ་ཨིན་ན?
ཕོ་མོའི་བར་ན་ ལམ་སྲོལ་དང་ མནོ་ལུགས་ཀྱི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ ཨམ་སྲུ་གིས་ ཉེན་ཁ་འབག་སྟེ་ རང་སོའི་ལཱ་གཡོག་ཚུ་ རྒྱབ་སྐྱུར་ཐོག་ལས་ གདོང་ཁར་ཐོན་ཞིནམ་ལས་ སྲིད་དོན་ཚོགས་པ་གཞི་བཙུགས་འབད་མི་ལུ་ ཡིད་ཆེས་ངལ་རངས་བསྐྱེད་དགོ།
འདི་འབདཝ་ལས་ ཨམ་སྲུ་ཚུ་ལུ་ དབུ་ཁྲིད་འབད་ནི་གི་ ལྕོགས་རིག་དང་ འོས་འབབ་མེད་ཟེར་ མནོ་ལུགས་ཡོད་མི་དེ་ མེདཔ་བཟོ་ཐབས་ལུ་ གོ་བརྡའི་ལས་རིམ་ གང་མང་འགོ་འདྲེན་འཐབ་དགོཔ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment