གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ལུ་ཁྱིམ་ནང་ལས་བྱང་སྟོར།

༡༢/༦/༢༠༡༣   ༉ ཆུ་ཁ་རྫོང་ཁག་ པག་ག་གཡུས་ཚན་ནང་ལས་ སྤྱི་ཟླ་༦ པའི་ཚེས་༤ ལུ་ སྐྱེས་ལོ་༢ ལྷགཔ་ཅིག་འབད་མི་ ཨ་ལུ་ཅིག་ ཁོ་རའི་ཁྱིམ་ན་ ཧལ་བཞག་ས་ལས་ བྱང་སྟོར་ཤོར་ཡོདཔ་ཨིན་པས།
རྐྱེན་ངན་མ་བྱུང་པའི་ཧེ་མར་ ཨ་ལུ་དེ་ གཉིད་ཐལ་སོཔ་ལས་ ཨ་ལུ་གི་ ཨའི་དེ་གིས་ ཁོ་ཁྱིམ་གྱི་ ཐབ་ཚང་ནང་ ཧལ་བཞག་ཞིནམ་ལས་ མོ་ར་ ཁྱིམ་ཚང་གི་ཁྱིམ་ནང་ ལས་མི་འཚོལ་བ་ཡར་སོཔ་ཨིན་པས།



ཨ་ལུའི་ཨ་ནེ་གིས་ ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ཨ་ལུའི་ཨའི་གིས་ ཁྱིམ་ཚང་གི་ ཁྱིམ་ནང་ དུས་ཚོད་གངམ་མ་སྡོད་ཟེར་ཨིནམ་ད་ མོ་ར་ ཁྱིམ་ནང་ ལོག་འོང་པའི་བསྒང་ལས་ ཨ་ལུ་ མལ་ཆ་ནང་ལས་ ག་ཏེ་ཡང་ མིན་འདུག་ཟེར་ཨིན་པས།
དེ་བསྒང་ ཨ་པ་དེ་ཡང་ ཁྱིམ་ནང་མེདཔ་ལས་ ཨའི་གི་ མནོ་བསམ་ལུ་ ཨ་ལུ་དེ་ ཨ་པ་དང་གཅིག་ཁར་ ཡར་སོཔ་འདྲས་ཟེར་ མནོ་སྡོད་ཡོདཔ་ཨིན་རུང་ དུས་ཡུན་ དག་པ་ཅིག་གི་རྒྱབ་ལས་ ཨ་པ་དེ་ ཞིང་ཁ་ལས་ འོངམ་ཨིན་ཟེར་སླབ་སྟེ་ ལོག་ཁྱིམ་ནང་ ཁོ་ར་རྐྱངམ་གཅིག་སྦེ་ འོང་དེས་ཟེར་ཨིན་པས།
ཨ་ལུ་དེ་ བྱང་སྟོར་ཤོར་བའི་ཉིན་མར་ འཚོལ་ཐོབ་པའི་ རེ་བ་བསྐྱེད་དེ་ རྒཔོ་གིས་ འགོ་འདྲེན་ཐོག་ལས་ གཡུས་ཁའི་མི་ཚུ་ རབ་རུབ་བཏང་སྟེ་ འཚོལ་ཡོདཔ་ཨིན་རུང་ མ་པ་ལས་ར་ འཚོལ་མ་ཐོབ་ཟེར་ཨིན་པས།
ཉིནམ་གཉིས་པའི་ནང་ལུ་ཡང་ བདེ་སྲུང་དང་ གཡུས་ཁའི་མི་ཚུ་གིས་ འཚོལ་བའི་ཤུལ་ལུ་ ཨ་ནེ་དེ་གིས་ རྩི་མ་གཤམ་གྱི་ ཁྲིམས་སྲུང་འགག་པ་ལུ་ ཨ་ལུ་བྱང་སྟོར་ཤོར་ཡོད་པའི་སྐོར་ལས་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཨ་ལུ་གི་ ཨ་ནེ་དེ་གིས་ འབད་བ་ཅིན་ ཁོང་གིས་ ས་གནས་ག་ཏེ་ཡང་ འཚོལ་ཡི་ཟེར་ཨིནམ་མ་ཚད་ ཁྱིམ་ནང་ལས་ ཨ་ལུ་བྱང་སྟོར་ཤོར་མི་དེ་ ཧ་ལས་སི་སི་ཅིག་ཨིན་མས་ཟེར་ཨིན་པས།
བྱང་སྟོར་ཤོར་མི་ཨ་ལུའི་ཕམ་དེ་ལུ་ ཨ་ལུ་བུམོ་༣ དང་བུ་༡ ཡོད་ས་ལས་ བྱང་སྟོར་ཤོར་མི་དེ་ ཨ་ལུའི་གྲངས་སུ་ལས་ ཆུང་ཤོས་ཅིག་ ཨིན་མི་ བུ་དེ་ཨིན་པས།
ཨ་ལུའི་ཕམ་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྤྱི་ཟླ་༦ པའི་ཚེས་༧ ལུ་ སྙན་ཞུ་འབད་ཡོདཔ་ད་ དེ་ཡང་ ཨ་ལུ་དེ་ ཐོབ་འོང་ཟེར་ རེ་བ་བསྐྱེད་དེ་ རྐྱེན་ངན་བྱུང་པའི་ ཉིན་མ་ལུ་ སྙན་ཞུ་མ་འབད་ཟེར་ ཨ་ལུའི་ཨ་ནེ་གིས་ བཤདཔ་ཨིན་པས།
ཆུ་ཁ་ རྩི་མ་གཤམ་གྱི་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ སླབ་མི་དང་འཁྲིལཝ་ད་ ཨ་ལུ་ བྱང་སྟོར་ཤོར་བའི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཉིན་མ་ར་ ཁོ་གིས་ ས་མཚམས་སྒོ་ར་དང་ སྣུམ་འཁོར་བརྟག་དཔྱད་སྒོ་ར་ཚུ་ནང་ ཞིབ་དཔྱད་འབད་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
དེ་མ་ཚད་ ཨ་ལུ་གི་ པར་ཅིག་ཡང་ སྒོ་ར་སྒོ་ཚུ་ནང་ བཀྲམ་སྤེལ་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ ཨ་ལུ་དེ་ བྱང་སྟོར་ཤོར་བའི་ཉིནམ་ལུ་ར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བ་ཅིན་ ཡང་ཅིན་ འཚོལ་ཐོབ་འོང་ག་ཡང་ མི་ཤེས་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་བྱང་སྟོར་གྱི་ སྙན་ཞུ་རྐྱངམ་གཅིག་ འབད་ནི་དེ་གིས་ ཁྲིམས་སྲུང་འགག་པའི་ ཁ་ཐུག་ལས་ འབད་ཐབས་ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།
ཨ་ལུའི་ཕམ་ཚུ་གིས་ མོ་བཏབ་རྩིས་བཏབ་མང་རབས་ཅིག་འབད་ཡོདཔ་མ་ཚད་ ས་གནས་ཐདམ་ཐད་ཁ་ལས་ཕར་ འཚོལ་བ་ཡང་ སོང་ཡི་ཟེར་ཨིན་པས།
ཨ་ལུ་དེ་ ཤི་སོང་ཡི་ཟེར་བ་ཅིན་ རོ་ཅིག་མེདཔ་ད་ མ་ཤི་ཟེར་བ་ཅིན་ དངོས་སུ་སྦེ་འཐོབ་ནི་མེད་ དེ་ལས་ སེམས་ཅན་གྱིས་ འདྲུད་འབག་འབགཔ་ཨིན་ཟེར་བ་ཅིན་ གོ་ལ་ཟེརཝ་ ག་ཅི་ཡང་ཐོབ་ནི་མེདཔ་ལས་ བསམ་པ་མི་རྫོགས་པས་ཟེར་ ཨ་ལུ་གི་ ཨ་ནེ་གིས་ བཤདཔ་ཨིན་པས།
ཨིན་རུང་ ཁོང་གིས་ འབྲུག་རྒྱང་མཐོང་དང་ སྒེར་གྱི་ རྒྱང་མཐོང་ཚུ་ནང་ ཨ་ལུ་གི་ པར་སྤྲོད་དེ་ གསལ་བསྒྲགས་འབད་དེ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment