གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམངས་གཙོའི་རིང་ལུགས་ ཚུལ་ལྡན་ལམ་ཕྱོགས་ལུ་ཞུགས་པའི་ བརྡ་མཚོན་ཨིན་ན?

༦/༦/༢༠༡༣   དམངས་གཙོའི་རིང་ལུགས་ ཚུལ་ལྡན་ལམ་ཕྱོགས་ལུ་ཞུགས་པའི་ བརྡ་མཚོན་ཨིན་ན?
༉ འབྲུག་གི་དམངས་གཙོའི་རིང་ལུགས་ གཞི་བཙུགས་འབད་དེ་ ལོ་ལྔ་ལྷག་སོ་རུང་ ད་རིས་ནངས་པའི་ སྲིད་དོན་གནས་སྟངས་ལུ་ལྟཝ་ད་ གཞི་འགྱམ་སྒྲིང་སྒྲིང་མ་ཚུད་པའི་ བརྡ་མཚོན་སྟོན་མི་གིས་མ་ཚད་པར་ སྲིད་ཚོགས་ཚུ་ཡང་ རྒྱུན་བརྟན་མེད་པའི་ མཐོང་སྣང་བྱུངམ་ཨིན་མས།


དེ་ཡང་ སྤྱི་ལི་༢༠༠༨ ལུ་ དམངས་གཙོའི་གཞུང་སྐྱོང་གི་དོན་ལུ་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་གཉིས་མ་གཏོགས་མེདཔ་ལས་ མི་སེར་ཚུ་ལུ་ གདམ་ཁ་རྐྱབ་ནི་གི་ གོ་སྐབས་ལེ་ཤ་མེདཔ་ཨིན་རུང་ སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་དོན་ལུ་ སྲིད་དོན་ཚོགས་པ་༤ ཐོན་ཡོདཔ་ལས་ མི་མང་ལུ་ གདམ་ཁ་མངམ་ཐོབ་མི་དེ་ དམངས་གཙོའི་རིང་ལུགས་ནང་ ལེགས་ཤོམ་ཅིག་ཨིན་མས།
རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པའི་ མི་སེར་ཚུ་གིས་ སྲིད་ཚོགས་༤ ལས་༢ སྤྱིར་བཏང་བཙག་འཐུའི་དོན་ལུ་ བཙག་འཐུ་གྲུབ་མི་དང་བསྟུན་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གཉིས་ཀྱིས་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་ཨིན་མས།
བཙག་འཐུའི་ཁ་ཐུག་ལུ་ ལྟ་བ་ཅིན་ འབྲུག་གི་དམངས་གཙོའི་བྱ་རིམ་དེ་ ལེགས་ཤོམ་འགྱོ་དོ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་རུང་ སྤྱིར་བཏང་བཙག་འཐུའི་དོན་ལུ་ མཐར་འཁྱོལ་བྱུང་མ་ཚུགས་མི་ སྲིད་དོན་ཚོགས་པ་ཚུ་ སྲིད་ཚོགས་གཞན་ཅིག་དང་ གཅིག་བསྡོམས་འབད་དོ་ཡོད་པའི་ ལོ་རྒྱུས་གོཝ་ད་ སེམས་ཕམ་བྱུངམ་མ་ཚད་ ཚ་གྱང་ལང་དགོ་པའི་ གཞི་དོན་ཅིག་ལུ་ཡང་ འགྱུརཝ་ཨིན་མས།
མ་གཞི་ བཙག་འཐུའི་བཅའ་ཁྲིམས་དང་ བཅའ་ཡིག་ སྒྲིག་གཞི་ཚུ་དང་འཁྲིལཝ་ད་ སྲིད་དོན་ཚོགས་པ་ཚུ་ གཅིག་བསྡོམས་འབད་ནི་དང་ ཡང་ཅིན་ འགོ་ཐོག་བཙག་འཐུ་ནང་ མཐར་འཁྱོལ་བྱུང་མ་ཚུགས་པའི་ སྲིད་ཚོགས་ཀྱི་ འདེམས་ངོ་ཚུ་ རང་གི་ སྲིད་ཚོགས་ནང་ལས་ དགོངས་ཞུ་འབད་དེ་ སྲིད་ཚོགས་གཞན་ནང་ འཛུལ་མ་ཆོགཔ་སྦེ་མེད་རུང་ དེ་སྦེ་ འཛུལ་བ་ཅིན་ རང་སོའི་སྲིད་ཚོགས་ཀྱི་ ལྟ་བ་དང་ འཆར་སྣང་ཚུ་ལས་ རྒྱབ་འགལ་འགྱོ་ནི་ཨིན་མས།
འདེམས་ངོ་ཚུ་ རང་སོའི་སྲིད་ཚོགས་རྒྱབ་སྐྱུར་ཐོག་ སྲིད་དོན་ཚོགས་པ་གཞན་ནང་ འཛུལ་ཞུགས་འབད་བ་ཅིན་ དངམ་གཅིག་ལུ་ སྲིད་ཚོགས་དེ་ ཁུངས་མེདཔ་འགྱོ་ནི་དང་ ཚོགས་པའི་མིང་གནས་ལུ་ཡང་ ཐོ་ཕོག་ཉེན་ཡོད་པའི་ཁར་ ལྷག་པར་དུ་ འདེམས་ངོ་ཚུ་ལུ་ མི་མང་ལས་ བློ་གཏད་དང་ ཡིད་ཆེས་མེདཔ་འགྱོ་ནི་གི་ འོས་འབབ་སྦོམ་ཡོདཔ་ཨིན།
སྲིད་དོན་ཚོགས་པ་ཚུ་གི་དོན་ལུ་ འདེམས་ཁོངས་ཚུ་ནང་ འདེམས་ངོ་ལྕོགས་གྲུབ་ཅན་དང་ བློ་གཏད་ཚུགསཔ་ དགོ་ནི་དེ་ གལ་ཆེ་ནི་ཨིན་རུང་ སྲིད་ཚོགས་གཅིག་ལས་ གཞན་ཅིག་ནང་ འཛུལ་ནི་དེ་ ཚུལ་ལྡན་ཅིག་ཨིན་ན?
ཁྲིམས་དོན་དང་ རྩ་ཁྲིམས་མཁས་མཆོག་ཚུ་གིས་འབད་བ་ཅིན་ བཙག་འཐུ་གྲུབ་མ་ཚུགས་པའི་ སྲིད་དོན་ཚོགས་པ་ཚུ་གི་ འདེམས་ངོ་ཚུ་ སྲིད་དོན་ཚོགས་པ་གཞན་ནང་ འཛུལ་ཞུགས་འབད་བ་ཅིན་ ཕྱིའི་སྲིད་དོན་པ་དང་ ཁྲིམས་དོན་མཁས་མཆོག་ཚུ་གིས་ ཁ་གཏང་ནི་དང་ འབྲུག་གི་དམངས་གཙོའི་རིང་ལུགས་ལུ་ལྟ་སྟེ་ དགོད་བྲ་འོང་ཟེར་ཨིན་མས།
འདི་འབདཝ་ལས་ ད་ལྟོ་ ར་བཏགས་པའི་བསྒང་ཡོད་མི་ དམངས་གཙོའི་རིང་ལུགས་དེ་ ཚུལ་ལྡན་ལམ་ཕྱོགས་ལུ་མིན་པར་ འཛོལ་བའི་མདུན་ལམ་ལུ་ ཞུགས་དོ་ཡོད་པའི་ མངོན་གསལ་བྱུང་དོ་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ བཙག་འཐུ་ལྷན་ཚོགས་ཀྱིས་ ནན་བསྐྱར་དུ་ ཕན་གནོད་ཚུ་ བརྟག་ཞིབ་འབད་དེ་ འཕྲལ་ཕུགས་གཉིས་ལུ་ཕན་པའི་ ཐབས་ལམ་ཚུ་ བཏོན་དགོཔ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment