གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁ་ཐོབ་མི་དང་ ཕམ་དགོ་པའི་གནད་ཁུངས།

༦/༦/༢༠༡༣   འབྲུག་ཕུན་སུམ་ཚོགས་པ་ལུ་ རྒེད་འོག་དང་ གྲོང་གཡུས་གནས་རིམ་ནང་ ཚོགས་པ་སྒྲིང་སྒྲིང་ཡོད་ནི་དེ་གིས་ རྒྱབ་སྐྱོར་མངམ་ཐོབ་ནུག།
༉ བཀྲིས་སྒང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་ཚུ་ལུ་ལྟཝ་ད་ ཐོན་ཁུངས་དང་ ཁས་བླངས་ བསྐུལ་བསྒྲགས་ ལག་ལེན་ དེ་ལས་ འདེམས་ངོ་ཚུ་གི་ ལྕོགས་གྲུབ་དང་ ཚོགས་རྒྱན་སྐྱུར་མི་ཚུ་གི་ དང་ཕུའི་མནོ་ལུགས་ཚུ་ལུ་བརྟེན་ རྒྱལ་ཕམ་གྱི་ དབྱེ་བ་ཕྱེ་ནི་ལུ་ ལྷན་ཐབས་འབད་ཡོདཔ་ཨིན་པས།
ཁྲིམས་ཤིང་རྐང་པ་ར་རྒེད་འོག་ མེར་མདའ་ཚོགས་རྒྱན་ས་ཁོངས་ནང་ གྲོང་གསེབ་མི་སེར་ཚུ་ ཚོགས་རྒྱན་བཙུགས་པར་ འོང་པའི་བསྒང་།


དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁྲིམས་ཤིང་འདེམས་ཁོངས་མ་གཏོགས་ འདེམས་ཁོངས་གཞན་༤ པོ་ཆ་རའི་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ ཚོགས་པ་དེ་གིས་ ཚོགས་རྒྱན་ཡོངས་བསྡོམས་༩,༩༡༨ ཐོབ་ཡོདཔ་བཞིན་དུ་ དེ་གི་ཤུལ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༥༡༣༤ ཐོབ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༤,༢༣༧ ཐོབ་སྟེ་ ཨང་གསུམ་པ་ཐོན་ཡི།
འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་མང་ཤོས་ཐོབ་མིའི་ གནད་དོན་དེ་ཡང་ རྒེད་འོག་དང་ གཡུས་སྒོ་ཚུ་ནང་ ཚོགས་པའི་ལཱ་འབད་མིའི་ ཡོངས་འབྲེལ་སྒྲིང་སྒྲིང་ཡོད་པའི་ཁར་ བསྐུལ་བསྒྲགས་ལས་རིམ་དང་ གཞུང་སྐྱོང་ཚོགས་པ་སྦེ་ ཕྱག་ཞུ་བའི་གྲུབ་འབྲས་ དེ་ལས་ མ་འོངས་པ་ལུ་ ཁས་བླངས་འབད་མི་ཚུ་ལུ་བརྟེན་ཨིན་པས།
ཚོགས་པ་དེ་གི་ ལཱ་འབད་མི་ཚུ་གིས་ མི་སེར་ལས་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ འགན་ཁུར་ཐེབས་འབག་སྟེ་ ལཱ་འབད་ཡོདཔ་ལས་ སྲིད་དོན་ཚོགས་པ་གསརཔ་ཚུ་གིས་ ཐ་ན་ ཚོགས་རྒྱན་ས་ཁོངས་ནང་ ངོ་ཚབ་རེ་ བཙུགས་ནི་ལུ་ཡང་ ལཱ་ཁག་བཏང་ནུག།
བཀྲིས་སྒང་ལུ་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་སྒྲིང་སྒྲིང་ཡོད་མི་ལུ་བརྟེན་ ང་གིས་ ཚོགས་རྒྱན་ས་ཁོངས་ནང་ ངོ་ཚབ་ཅིག་ཡང་ བཙུགས་མ་ཚུགས་ཟེར་ ར་ལྡི་ལས་ སྲིད་ཚོགས་གསརཔ་གི་ འདེམས་ངོ་ཅིག་གིས་ སླབ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ འདས་པའི་ལོ་ལྔའི་རིང་ལུ་ གཞུང་སྐྱོང་པའི་སྐབས་ གྲུབ་འབྲས་བཏོན་ནི་དེ་གིས་ ར་ལྡི་-སག་སྟེང་དང་ བར་མཚམས་-གཤོང་ཕུག་ ཝམ་རོང་འདེམས་ཁོངས་ དེ་ལས་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་༤ ལས་ རྒྱལ་ཁ་ཐོབ་ནུག།
ར་ལྡིའི་མི་སེར་ཚུ་གིས་ ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་མི་དེ་ཡང་ འདས་པའི་གྲུབ་འབྲས་ལུ་བལྟ་སྟེ་ཨིན་ཟེར་ རི་ལྡིའི་ཚོགས་རྒྱན་སྐྱུར་མི་ཅིག་གིས་ བཤད་པའི་ཁར་ ཁོང་གིས་ རྒྱབ་སྐྱོར་འབད་དགོ་པའི་ རྒྱུ་རྐྱེན་གཞན་དེ་ ཚོགས་པ་དེ་གིས་ ལཱ་ལྷག་ལུས་ཚུ་ འཕྲོ་མཐུད་དེ་ འབད་བཅུག་ནིའི་དོན་ལུ་ཨིན་ཟེར་ སླབ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ བཀྲིས་སྒང་རྫོང་ཁག་ལས་ ཨང་གཉིས་པ་ཐོན་ཡོད་རུང་ འགྲེམ་ཐོག་ཚོགས་རྒྱན་ཉུང་སུ་ཅིག་ལས་བརྒལ་ ཐོབ་མ་ཚུགས་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ འགོ་ཐོག་སྐབས་ དྲག་ཁག་གསུམ་གྱི་ དམག་སྡེ་ཚུ་ལུ་ དགོངས་ཞུའི་ཟུར་ཕོགས་དང་ དངུལ་ཕོགས་ཚུ་ ཡར་སེང་རྐྱབ་ནི་གི་ ཁས་བླངས་འབད་མི་ལུ་བརྟེན་ འབྲུག་མཉམ་རུབ་ཚོགས་པ་དང་ཕྱདཔ་ད་འགྲེམ་ཐོག་ཚོགས་རྒྱན་མངམ་ཐོབ་ཡོདཔ་ཨིན་པས།
བཀང་ལུང་-བསམ་མཁར་འདེམས་ཁོངས་ལས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ནོར་བུ་དབང་ཕྱུག་གིས་ སླབ་མིའི་ནང་ སྲིད་དོན་ཚོགས་པ་གསརཔ་ཚུ་གིས་ དྲག་ཁག་གསུམ་གྱི་ དམག་མི་ཚུ་དང་ ཁོང་དང་བརྟེན་སྡོད་མི་ཚུ་ལུ་ སྲིད་ཚོགས་དང་ ཁོང་རའི་སྐོར་ལས་ ངོ་སྤྲོད་འབད་ནི་གི་ གོ་སྐབས་མ་ཐོབ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དྲག་ཁག་གསུམ་གྱི་ དམག་མི་ཚུ་གིས་ སྲིད་དོན་ཚོགས་པ་གསརཔ་ཚུ་གི་སྐོར་ལས་ རྒྱང་མཐོང་ནང་རྐྱངམ་གཅིག་ མཐོང་ཡོདཔ་ལས་ མང་ཤོས་ཅིག་ལུ་ ཤེས་རྟོགས་མ་བྱུང་པས་ཟེར་ཨིན་པས།
ཨིན་རུང་ མི་སྡེའི་བརྡ་བརྒྱུད་ཐོག་ལས་ ང་བཅས་རའི་ ཚོགས་པ་དང་ ལྟ་བ་གི་སྐོར་ལས་ ཤེས་རྟོགས་བྱུང་མི་ ཤེས་ཡོན་ཅན་ཚུ་ལས་ རྒྱབ་སྐྱོར་ལེགས་ཤོམ་ཐོབ་ཅི་ཟེར་ འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ སླབ་ཨིན་པས།
དེ་ལས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་སྒྲིང་སྒྲིང་ཡོད་མི་ ར་ལྡི་-སག་སྟེང་དང་ ཝམ་རོང་འདེམས་ཁོངས་གཉིས་ནང་ རྒྱབ་སྐྱོར་འབད་མི་ལེ་ཤ་ཐོན་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ ཁྲིམས་ཤིང་-རྐང་པ་ར་འདེམས་ཁོངས་ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་མི་དང་ བར་མཚམས་-གཤོང་ཕུག་ དེ་ལས་ བཀང་ལུང་-བསམ་མཁར་འདེམས་ཁོངས་གཉིས་ལས་ ཨང་གཉིས་པ་ཐོན་མི་དེ་ མི་སེར་ཚུ་གིས་ འདེམས་ངོ་ཚུ་གི་ ལྕོགས་གྲུབ་ལུ་ལྟ་ཡོདཔ་ཨིན་པས།
བསྟན་འཛིན་ལེགས་འཕེལ་གྱིས་ སླབ་མིའི་ནང་ ཚོགས་པ་དེ་གིས་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲིང་བཟོ་ནི་གི་ ཁས་བླངས་འབད་མི་དེ་ མི་སེར་ཚུ་ལུ་ ཡིད་ཆེས་འདྲོངས་མ་ཚུགས་པས་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment