གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞི་རྩ་མ་འདྲ་བའི་ སྲིད་ཚོགས་གཞན་ནང་ འཛུལ་ཞུགས་འབད་མི་ལུ་ བསམ་འཆར་འདྲ་མིན།

༡༡/༦/༢༠༡༣   ༉ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་ཚོགས་༢ ཀྱི་ འདེམས་ངོ་ཚུ་གིས་ ད་རིས་ རང་སོའི་འབྲེལ་ཡོད་ངོས་ལེན་འགོ་དཔོན་ཚུ་དང་གཅིག་ཁར་ གདམ་ངོའི་ཐོ་བཀོད་འབད་ཚར་དགོཔ་བཞིན་དུ་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་༧ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་ཞུགས་འབད་ཡོདཔ་ཨིན།


མཉམ་རུབ་ཚོགས་པའི་ གཙོ་འཛིན་གྱིས་གཙོས་པའི་ འདེམས་ངོ་༧ གྱིས་ མི་སེར་དམངས་གཙོ་ཚོགས་པའི་ འཐུས་མིའི་གྲངས་སུ་འབྲེལ་གཏོགས་འབད་དེ་ འདེམས་ངོ་སྦེ་ ཐོན་མི་དེ་ལུ་ མི་མང་གིས་ བསམ་འཆར་འདྲ་མིན་སྣ་ཚོགས་བཀོད་དོ་ཡོདཔ་ཨིན་རུང་ མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ འདས་པའི་དྲི་ལན་སྐབས་ ཚོགས་པའི་འདེམས་ངོ་ཚུ་གིས་ དེ་སྦེ་ཚོགས་པ་གཞན་ནང་ འཛུལ་ཞུགས་འབད་མི་དེ་ ལྡོག་ཕྱོགས་སྒྲིང་སྒྲིང་བཟོ་ཐབས་ལུ་ དམིགས་ཏེ་ཨིན་ཟེར་བཤད་ཅི།
དེ་མ་ཚད་ འགོ་ཐོག་བཙག་འཐུ་ནང་ལས་ མཐར་འཁྱོལ་འབྱུང་མ་ཚུགས་མི་ སྲིད་ཚོགས་ཀྱི་ འདེམས་ངོ་ཚུ་གིས་ རྒྱལ་ཁ་ཐོབ་མི་སྲིད་ཚོགས་གཅིག་ནང་ འཛུལ་ཞུགས་ཐོག་ སྤྱིར་བཏང་བཙག་འཐུ་ནང་ བཅའ་མར་གཏོགས་མི་དེ་ ཁྲིམས་འགལ་མེན་པར་ ལུགས་མཐུན་ཨིན་པས།
དེ་ཡང་ བཙག་འཐུའི་བཅའ་ཁྲིམས་ཀྱི་ དོན་ཚན་༢༠༩ ག་པ་དང་འཁྲིལཝ་ད་ འགོ་ཐོག་བཙག་འཐུ་ནང་ལས་ ཕམ་སོ་མི་ སྲིད་ཚོགས་ཀྱི་ འདེམས་ངོ་ཚུ་གིས་ ཧེ་མའི་ སྲིད་ཚོགས་ལས་ དགོངས་ཞུ་འབད་དེ་ རྒྱལ་ཁ་ཐོབ་མི་ སྲིད་ཚོགས་ཀྱི་འདེམས་ངོ་སྦེ་ ངོས་ལེན་འབད་བ་ཅིན་ འཛུལ་ཆོགཔ་སྦེ་ཡོད་མི་ལུ་བརྟེན་ཏེ་ཨིན་ཟེར་ རྡོ་རྗེ་ཆོས་སྒྲོན་གྱིས་ གསལ་བཤད་འབད་ཡི།
ཨིན་རུང་ མི་མང་གི་ བསམ་ཚུལ་ལས་འབད་བ་ཅིན་ དེ་སྦེ་ ཧེ་མ་ སྲིད་ཚོགས་སོ་སོ་སྦེ་ འགོ་ཐོག་བཙག་འཐུའི་སྐབས་ བསྐུལ་བསྒྲགས་ཚུ་ ལྟ་བ་དང་ གཞི་རྩ་ དེ་ལས་ ཁས་བླངས་གསལ་བསྒྲགས་ཚུ་ཡང་ སོ་སོ་འབད་བའི་ཤུལ་ལུ་ རང་གི་སྲིད་ཚོགས་ལས་ཐོན་ཏེ་ གཞན་ནང་འཛུལ་ཞུགས་ཐོག་ལས་ དོ་འགྲན་འབད་ནི་ཟེར་མི་དེ་ མགུ་འཐོམ་སི་སི་ཅིག་ཨིནམ་མ་ཚད་ མི་ཚུ་ལུ་ ཡིད་ཆེས་བསྐྱེད་མ་རུངས་པའི་ གནས་སྟངས་ཅིག་ཨིན་མས་ཟེར་ སླབ་མི་ཡང་ ཐོནམ་ཨིན་པས།
དེ་ཡང་ མོང་སྒར་ལས་ ཚོགས་པ་ཅིག་གིས་འབད་བ་ཅིན་ ཁོང་གི་ འདེམས་ཁོངས་ཀྱི་ མཉམ་རུབ་ཚོགས་པའི་འདེམས་ངོ་དེ་ དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ འགྱོ་མི་དེ་གིས་ འདེམས་ངོ་དེ་ལུ་ ཡིད་ཆེས་མེདཔ་བཟོ་ཡི་ཟེར་ཨིནམ་ད་ དེ་ཡང་ སྲིད་ཚོགས་༢ ཀྱི་ལྟ་བ་ལུ་ ཁྱད་པར་ལེ་ཤ་ཡོདཔ་བཞིན་དུ་ ད་རུང་ སྲིད་ཚོགས་སོར་ཏེ་ གཞན་ནང་འཛུལ་ཞུགས་འབད་བ་ཅིན་ རང་གི་ལྟ་བ་ལུ་ ཡིད་ཆེས་མེད་པར་ ཁ་ཙམ་ཚིག་ཙམ་ཨིན་པའི་ གསལ་སྟོན་འབདཝ་མས་ཟེར་ཨིན་པས།
མི་གཞན་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ མ་གཞི་ ཚོགས་པ་སོར་འགྱོ་མི་དེ་ གནད་དོན་མགུ་འཐོམ་སི་སི་ཅིག་ཨིན་རུང་ མོང་སྒར་གྱི་དོན་ལུ་ ལྕོགས་གྲུབ་ཅན་ དྲང་དཔོན་བགྲེསཔ་ འཇིགས་མེད་བཟང་པོ་བཟུམ་ཅིག་ དགོཔ་ཡོདཔ་ལས་ སྲིད་ཚོགས་གཞན་མི་གི་ འདེམས་ངོ་སྦེ་ ཐོན་ཏེ་འབད་རུང་ མི་སྡེ་ལུ་ ཞབས་ཏོག་ཞུ་ཚུགསཔ་ལས་ ཁོ་རའི་ཚོགས་པ་ཕམ་རུང་ ད་རུང་ བཅའ་མར་གཏོགས་ནི་གི་ གོ་སྐབས་ཐོབ་མི་དེ་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
མི་སྡེའི་བརྡ་དོན་ཡོངས་འབྲེལ་ཚུ་ནང་འབད་བ་ཅིན་ མི་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པ་གིས་ གོ་སྐབས་ལུ་ལྟ་སྟེ་ རང་གི་ཚོགས་པ་ཡང་ བློས་བཏང་ཐོག་ལས་ ཚོགས་པའི་གཙོ་འཛིན་གོང་འོག་ལས་ འགོ་བཙུགས་ཏེ་ ཚོགས་པ་གཞན་མིའི་ནང་ འཛུལ་མི་དེ་ གནས་སྟངས་སྐྱོ་སི་སི་ཅིག་ཨིནམ་སྦེ་ གསལ་བཀོད་འབད་ནུག།
དེ་མ་ཚད་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་པ་གཞན་ལས་ འདེམས་ངོ་ལེན་ཐོག་ལས་ ཁོང་རའི་ ཧེ་མའི་འདེམས་ངོ་ཚུ་ ངོས་ལེན་མེདཔ་སྦེ་ རྒྱབ་བཤུད་རྐྱབ་བཅུག་མི་དེ་ ནང་འཁོད་ཀྱི་ འཐུས་མི་ཚུ་ལུ་ཡང་ དམ་ཚིག་མེད་པའི་ གསལ་སྟོན་འབདཝ་མས་ཟེར་ཡང་བཀོད་ནུག།
འབྲུག་མཉམ་རུབ་ཚོགས་པ་དེ་ ཧེ་མའི་ མི་སེར་དམངས་གཙོ་ཚོགས་པའི་ འཐུས་མི་ཚུ་གིས་ གཞི་བཙུགས་འབད་མི་ལུ་བརྟེན་ ལ་ལུ་ཅིག་གིས་འབད་བ་ཅིན་ སྲིད་ཚོགས་༢ སོ་སོར་མེན་པར་ གཅིག་འོང་ནི་མས་ཟེར་བའི་ དོགས་པ་ཆགསཔ་ཨིན་པས།
ཨིན་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ འདེམས་ངོ་ཚུ་གིས་ སྲིད་ཚོགས་གཅིག་ལས་གཅིག་ནང་ འཛུལ་མི་དེ་ རྒྱལ་ཡོངས་ཚོགས་འདུ་ནང་ ལྡོག་ཕྱོགས་སྒྲིང་སྒྲིང་དགོཔ་ཡོདཔ་ལས་ འོས་ལྡན་གྱི་ ལག་ལེན་ཅིག་ ཨིན་མས་ཟེར་ ངོས་ལེན་ཐོག་ ངལ་རངས་འབད་མི་ཡང་ ལེ་ཤ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment