གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲི་དྭངས་སྦིས་ཀྱི་ཞིང་པ་ཚུ་ གེ་ཟ་བསྲུང་ནི་ལུ་ དོ་འགྲན་བྱུང་དོ་ཡོདཔ།

༦/༦/༢༠༡༣   ༉ ཤར་ཕྱོགས་རྫོང་ཁག་གི་ ས་ཁ་དམའ་སའི་ ས་ཁོངས་ཚུ་ནང་ དུས་ཚོད་འ་ནེམ་ཅིག་ཁར་ གེ་ཟ་བསྲུང་ནིའི་ དུས་ཚོད་ཨིནམ་ལས་བརྟེན་ ཞིང་ཚུ་གི་མཐའ་མར་ བྱང་ས་བཟོ་སྟེ་ ཐོག་སྲུང་སར་མཐོངམ་ཨིན་པས།
དེ་ཡང་ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ ཁྲི་དྭངས་སྦིས་གཡུས་ཀྱི་མཇུག་ལུ་ གླང་ཆེན་ཨ་རིང་ཟེར་སར་ མི་སེར་སོ་ནམ་པ་ཚུ་གིས་ རང་ཟླ་༢ པ་ལས་ གེ་ཟ་བཏབ་ནི་འགོ་བཙུགས་མི་དེ་ ད་རེས་ཀྱི་ ཟླ་མཇུག་ཁམས་ལུ་ བསྡུ་དོ་ཡོདཔ་ཨིན་རུང་ གེ་ཟ་ཚུ་ ཞིང་ཁ་ལས་ ཁྱིམ་ནང་མ་ལྷོད་པའི་བར་ན་ སྤྱ་ཚུ་གིས་ གནོདཔ་བཀལ་དོ་ཡོདཔ་ལས་ སྤྱ་བསྲུང་ནི་དེ་ དོ་འགྲན་ཅན་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།

སྐྱེས་ལོ་༥༣ ལང་མི་ ཨམ་རིན་ཆེན་སྒྲོལ་མ་ གེ་ཟ་སྲུང་སྡོད་པའི་བསྒང་།


གཡུས་མི་ཚུ་གིས་ གླང་ཆེན་ཨ་རིང་གི་ ཆུ་ཞིང་ཚུ་ནང་ ལྕང་ལཱ་རྐྱབ་ནིའི་ དུས་ཚོད་མ་རན་པའི་ཧེ་མར་ གེ་ཟ་བཏབ་སྟེ་ དངུལ་གྱི་འོང་འབབ་བཟོ་དོ་ཡོདཔ་ད་ དེ་ཡང་ གཡུས་ཚན་དེ་ གཞུང་ལམ་གྱི་སྦོ་ལོགས་ཁར་ ཡོདཔ་ལས་བརྟེན་ཨིན་པས།
སྐྱེས་ལོ་༥༣ ལང་མི་ རིན་ཆེན་སྒྲོལ་མ་གིས་ མོ་རའི་ ཆུ་ཞིང་གླང་དོ་ཕྱེད་དང་༢ དེ་ཅིག་ནང་ གེ་ཟ་བཏབ་མི་དེ་ ད་རེས་ནངས་པ་ སྤྱ་ཚུ་གིས་ གནོད་པ་བཀལ་བར་འོང་མི་ལུ་བརྟེན་ ཐ་ན་ བཟའ་ནི་ལྟོ་ལས་ཕྱིས་ཏེ་ དྲོ་པ་ལས་ ཕྱི་རུ་ཚུན་ ཞིང་གི་མཐའ་སྐོར་ལུ་སྡོད་དེ་ གེ་ཟ་སྲུང་དོ་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ ཆུ་ཞིང་ཚུ་ནང་ ལྕང་ལཱ་མ་རྐྱབ་པའི་ཧེ་མར་ གེ་ཟ་བཏབ་མི་དེ་ཡང་ ས་ཁ་དམའ་སར་འབད་ནི་དེ་གིས་ ལོ་ཐོག་ག་ཅི་བཏབ་རུང་ ལེགས་དོ་ཡོདཔ་ལས་ གེ་ཟའི་སྲིབ་གསརཔ་བརྡུང་སྟེ་ དངུལ་གྱི་འོང་འབབ་ དུམ་གྲ་རེ་བཟོ་ཐབས་ལུ་ དམིགས་ཏེ་ ལོ་དག་པ་ཅིག་ལས་ཚུར་ གེ་ཟ་བཏབ་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
མ་གཞི་ ས་གནས་དེ་ཁར་ འབྲུ་སྣ་དགུའི་རིགས་ ག་ཅི་བཏབ་རུང་ འཚོ་དོ་ཡོདཔ་ཨིན་རུང་ ཞིང་ཚུ་ ནགས་ཚལ་གྱིས་ མཐའ་སྐོར་ཏེ་ཡོདཔ་ལས་ སྤྱ་ཚུ་གིས་ གནོད་་བཀལ་དོ་ཡོདཔ་ད་ ཁྱིམ་ནང་ མི་ལྷག་མེད་པ་ལུ་བརྟེན་ གེ་ཟ་བསྲུང་ནིའི་དོན་ལུ་ ལས་མི་འཚོལ་དགོཔ་ཐོནམ་མས་ཟེར་ མོ་གིས་ སླབ་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༧༣ ལང་མི་ ཨ་རྒས་ཨྱོན་བཀྲིས་དང་ སྐྱེས་ལོ་༦༥ ལང་མི་ རིག་འཛིན་ཕུན་ཚོགས་ཀྱིས་ ད་རེས་ནངས་པ་ གཡུས་ཚན་དེ་ནང་ སྤྱ་བསྲུང་ནིའི་དོན་ལུ་ གཞན་གྱི་ལས་མི་འབད་དོ་ཡོདཔ་ད་ ཁོ་༢ ཀྱིས་ སྤྱ་བསྲུང་ནི་འགོ་བཙུགས་ཏེ་ ཟླཝ་ལང་དོ་ཡོདཔ་ད་ ད་རུང་ གེ་ཟ་བསྡུ་ནི་ལུ་ བདུན་ཕྲག་དག་པ་ཅིག་ འགོར་ནི་མས་ཟེར་ཨིན་པས།
ཁོང་༢ ཀྱིས་ སླབ་མིའི་ནང་ གེ་ཟ་ཚུ་ ཚལ་མ་སྟུག་དྲགས་ཀྱིས་ མཐའ་སྐོར་ཏེ་ཡོདཔ་ལས་ སྤྱ་ཚུ་ཡང་ སྡེ་ཚན་སྦེ་ འོང་དོ་ཡོདཔ་ད་ སྡེ་ཚན་རེ་ནང་ སྤྱ་༡༥ དེ་རེ་ འོང་དོ་ཡོདཔ་ལས་ ཚར་༡ ཞིང་ནང་འཛུལ་བ་ཅིན་ གནོད་པ་སྦོམ་བཀལ་ནི་མས་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ སྤྱ་མང་སུ་ཐོན་མི་དེ་ཡང་ ད་རེས་ནངས་པ་ གཞུང་གི་ཁྲིམས་ལུགས་དང་འཁྲིལ་ ཐ་ན་ ཤིང་ཆུང་ཀུ་ཅིག་ཡང་ བཏོགས་ནི་མེདཔ་ལས་བརྟེན་ ཞིང་ཚུ་གི་སྦོ་ལོགས་ཁར་ ཚལ་མ་སྦོམ་གྱུར་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཨ་རྒས་༢ ཀྱིས་ ད་རེས་ནངས་པ་ ཆུ་ཞིང་ཨེ་ཀར་༥ དེ་ཅིག་ཡོད་མི་ནང་ གེ་ཟ་བསྲུང་ནིའི་དོན་ལུ་ ཉིན་བསྟར་གླ་ཆ་དངུལ་ཀྲམ་༡༠༠ རེ་ལེན་ཏེ་ སྲུངམ་ཨིན་ཟེར་ཨིནམ་ད་ སྤྱ་ཚུ་ཡང་ དྲོ་པའི་ཆུ་ཚོད་༩ དང་༡༠ དེ་ལས་ ཉིན་མའི་ཆུ་ཚོད་༢ དང་༣ ལུ་ སྡེ་ཚན་སྦེ་འོང་ནི་གི་ དཔའ་བཅམ་དོ་ཡོདཔ་ལས་ ཉིནམ་ཨ་རྟག་ར་ སེམས་མ་ཡེངས་པར་ དྲནམ་བཏོན་ཏེ་ སྡོད་དགོཔ་ཐོནས་མས་ཟེར་ཨིན་པས།
སོ་ནམ་པ་ཚུ་གིས་ གེ་ཟའི་ཞིང་ཚུ་ ཟླཝ་ཕྱེད་དང་༣ དེ་ཅིག་གི་རིང་ལུ་ བསྲུང་དགོཔ་ཐོན་དོ་ཡོདཔ་ལས་ གདོང་ལེན་སྦོམ་འདུག་ཟེར་ཨིནམ་ད་ སྤྱ་ཚུ་གིས་ཡང་ སྡེ་ཚན་སྦེ་འོང་དོ་ཡོདཔ་ལས་ མི་མེད་པ་ཅིན་ ཚར་གཅིག་གུ་ གེ་ཟ་ཧ་ལམ་ཅིག་ མེདཔ་བཏང་དོ་ཡོདཔ་ལས་ རྩ་འགེངས་ཏེ་ བསྲུང་མ་ཚུགས་པ་ཅིན་ དངུལ་གྱི་འོང་འབབ་ བཟོ་མི་ཚུགས་ནི་མས་ཟེར་ཨིན་པས།
ཁྲི་དྭངས་སྦིས་ཀྱི་ མི་སེར་ཚུ་གིས་ སླབ་མིའི་ནང་ གེ་ཟའི་སྲིབ་ལུ་བརྟེན་ མི་ཚུ་གིས་ འོང་འབབ་དངུལ་ཀྲམ་༣༠,༠༠༠ ལས་༦༠,༠༠༠ དེ་ཅིག་གི་བར་ན་ བཟོ་ཚུགས་དོ་ཡོདཔ་ལས་ གེ་ཟའི་ལཱ་དེ་ རྩ་འགེངས་ཏེ་འབད་ནི་ཡོད་ཟེར་ཨིན་པས།
དེ་ཡང་ ཞིང་ཚུ་ གཞུང་ལམ་གྱི་མཐའ་མར་ཡོདཔ་ལས་ བཙོང་མ་ཚུགས་པའི་དཀའ་ངལ་མེདཔ་ད་ གོང་ཚད་ཡང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠༠ རེ་ འཐོབ་ཚུགས་པས་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment