གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེའི་ཉོགས་བཤད་བཀོད་ཡོད་རུང་ ངོས་ལེན་མེདཔ།

༡༧/༦/༢༠༡༣   ༉ དར་དཀར་ནང་རྫོང་ཁག་ ལྷ་མོའི་རྫིང་ཁ་དྲུང་ཁག་ནང་ གློག་མེ་བཀྲམ་སྤེལ་རྒྱུན་བརྟན་མེད་མི་ལུ་བརྟེན་ མི་སེར་ཚུ་ དབུགས་འགམ་སྟེ་ཡོདཔ་ཨིན་པས།
མི་སེར་ཚུ་གིས་འབད་བ་ཅིན་ གློག་མེ་འཕྲལ་འཕྲལ་ར་ཤི་བའི་སྐོར་ འབྲུག་གློག་མེ་ལས་འཛིན་ལུ་ ཉོགས་བཤད་བཀོད་རུང་ ངོས་ལེན་ལེགས་ཤོམ་ཅིག་ ཐོབ་མ་ཚུགས་པར་ གནག་དུང་ནང་ སྡོད་དགོཔ་བྱུངམ་མས་ཟེར་ཨིན་པས།



རེ་ཚེ་སྐབས་ བདུན་ཕྲག་སྦེ་ གློག་མེ་འོང་ནི་མེད་ཟེར་ དྲུང་ཁག་གི་ མི་ཚུ་གིས་ སླབ་ཡོདཔ་ད་ ཧེ་མར་ ཀ་ལི་ཁོ་ལ་ཟེར་སླབ་མི་ ལྷ་མོའི་རྫིང་ཁ་དྲུང་ཁག་དེ་ ཕུན་ཚོགས་གླིང་ལས་ རྒྱ་གར་ནུབ་བེང་གཱལ་བརྒྱུད་དེ་ ལམ་ཀི་ལོ་མི་ཊར་༡༢༡ ཡོདཔ་བཞིན་དུ་ དྲུང་ཁག་དེ་ནང་ རྒེད་འོག་གསུམ་ཡོདཔ་ཨིན་པས།
གློག་མེ་བརྟན་ཏོག་ཏོ་མེད་མི་ལུ་བརྟེན་ ཡིག་ཚང་གི་ ལཱ་ཚུ་ལུ་ཡང་ བར་ཆད་རྐྱབ་དོ་ཡོདཔ་ད་ དྲུང་ཁག་དེ་ནང་སྡོད་མི་ ཕྱག་རྡོར་གྱིས་ སླབ་མིའི་ནང་ ལྷ་མོའི་རྫིང་ཁ་ཁྲོམ་ཁར་ འཐུང་ཆུ་དེ་ ས་འོག་ལས་འཐེན་དགོཔ་ལས་ དེ་གི་དོན་ལུ་ གློག་མེ་དགོཔ་ཨིན་ཟེར་ཨིནམ་ད་ གློག་མེ་མེད་པའི་བསྒང་ལས་ ཆུའི་དཀའ་ངལ་ཐོནམ་མས་ཟེར་ སླབ་ཨིན་པས།
ད་རེས་ནངས་པ་ བཙག་འཐུའི་བྱ་རིམ་ཚུ་ ཤུགས་ལང་པའི་བསྒང་ཡོད་རུང་ གློག་མེ་མེད་པའི་བསྒང་ལས་ དུས་མཐུན་གྱི་ གནས་ཚུལ་ཡང་ ཉན་ནི་གི་ གོ་སྐབས་མི་ཐོབ་པའི་ཁར་ ཚ་དྲོད་ལུ་བརྟེན་ མི་མང་ཤོས་ར་ ཁྱིམ་གྱི་ཕྱི་ཁར་ཉན་ནི་ འགོ་བཙུགས་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
ལྷ་མོའི་རྫིང་ཁའི་རྒཔོ་ ཤེས་རབ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཡིག་ཐོག་གི་ ཉོགས་བཤད་བཀོད་བཀོདཔ་མེད་རུང་ གྲོང་གསེབ་མི་སེར་ཚུ་གིས་ འབྲུག་གློག་མེ་ལས་འཛིན་གྱི་ ཁ་ཐུག་ལས་ གློག་མེའི་དཀའ་ངལ་བསལ་ཐབས་ལུ་ ཡུན་ཐུབ་ཀྱི་ ཐབས་ཤེས་ཅིག་ བཏོན་དགོ་པའི་སྐོར་ ཉོགས་བཤད་བཀོད་དང་བཀོད་བཞིན་དུ་ཡོད་ཟེར་ཨིན་པས།
གློག་མེ་ལས་འཛིན་ལུ་ གཞུང་འཁོར་དང་ ལས་བྱེདཔ་ཚུ་ཡོད་རུང་ ཞབས་ཏོག་ཚུ་ ལེགས་ཤོམ་མེད་པའི་ཁར་ གློག་མེ་འཕྲུལ་ཨམ་ ཇེ་ནེ་རེ་ཊར་ཅིག་ཡང་ གྲ་སྒྲིག་འབད་མི་ཚུགས་པས་ཟེར་ རྒཔོ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྒོ་ནོར་སེམས་ཅན་གྱི་དོན་ལུ་ ལག་ལེན་འཐབ་མི་ ཕ་སོན་ཚུ་ ཁྱེགས་སྒྲོམ་ནང་བཞག་དགོཔ་ལས་ དེ་ཚུ་ མེདཔ་ཐལ་ནི་ཨིན་པའི་ ཚ་གྱང་ཡོད་ཟེར་ཨིན་པས།
དྲུང་པ་ངོ་ཚབ་དང་ དར་དཀར་ནང་རྫོང་རབ་ དབང་ཕྱུག་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ཁོང་གིས་ ལྷ་མོའི་རྫིང་ཁ་ལུ་ཡོད་མི་ འབྲུག་གློག་མེ་ལས་འཛིན་གྱི་ ལས་བྱེདཔ་ཚུ་ལུ་ ཉོགས་བཤད་བཀོད་ཡོདཔ་ལས་ གློག་མེའི་དཀའ་ངལ་འཕྲལ་མགྱོགས་ར་ བསལ་ནི་ཨིདམ་ ཁས་ལེན་འབད་དེ་ཡོད་ཟེར་ཨིན་པས།
ལྷ་མོའི་རྫིང་ཁ་འབྲིང་རིམ་སློབ་གྲྭ་བར་བའི་དབུ་འཛིན་ འཕྲིན་ལས་རྡོ་རྗེ་གིས་འབད་བ་ཅིན་ གློག་མེའི་དཀའ་ངལ་གྱིས་སྦེ་ སློབ་གྲྭ་གིས་ ལོ་ཕྱེད་ཆོས་རྒྱུགས་ཀྱི་ དྲི་ཤོག་ཚུ་ པར་སྐྲུན་འབད་མ་ཚུགས་པར་ཡོདཔ་ད་ ང་བཅས་ཀྱིས་ ཆོས་ཚན་༡༠ གྱི་ དྲི་ཤོག་རྐྱངམ་གཅིག་ པར་སྐྲུན་འབད་ཚུགས་ཡོདཔ་ལས་ ལྷག་ལུས་ཚུ་ སྤྱི་ཟླ་༦ པའི་ཚེས་༡༩ གི་ཧེ་མར་ པར་སྐྲུན་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ སླབ་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱི་ འགན་འཛིན་པ་ ཀ་ཤི་ནཱཐ་ སཱན་ཝར་གྱིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ཁ་ཉེས་བཀལ་མི་ཚུ་ གཞི་ཁུངས་མེད་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཆུ་ཁ་དགེ་འདུ་གློག་མེ་བཀྲས་སྤེལ་ཁང་ཆུང་བ་ལས་ སྐྱེས་ཚལ་སྟུག་དྲགས་བརྒྱུད་དེ་ བཀྲམ་སྤེལ་འབད་མི་ གློག་ཐག་ཚུ་ གློག་ཀེམ་དང་ ཆར་ཤུགས་ཀྱིས་ མེདཔ་བཏང་ད་ནུག་ཟེར་ཨིན་པས།
དེ་བཟུམ་མའི་ དཀའ་ངལ་བྱུངམ་ད་ བཅོ་ཁ་རྐྱབ་ནི་ལུ་ དུས་ཚོད་འགོར་དོ་ཡོདཔ་མ་ཚད་ རེ་ཚེ་སྐབས་ དཀང་ངལ་དེ་ ག་ཏེ་ལས་ བྱུང་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་ཚུགས་པར་ ལཱ་ཁག་འདུག་ཟེར་ ཀ་ཤི་ནཱཐ་ སཱན་ཝར་གྱིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment