གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ལུ་ འདེམས་ངོ་༢ ཀྱིས་ བསྐུལ་བསྒྲགས་འབད་ཡོདཔ།

༡༧/༦/༢༠༡༣   ༉ མོང་སྒར་རྫོང་ཁག་ རྩ་མང་རྒེད་འོག་ནང་ བདུན་ཕྲག་ཅིག་གི་རིང་ མཁར་ཁུ་ཟེར་བའི་ ལུང་པའི་དུས་སྟོན་ཅིག་བརྩི་སྲུང་འབད་དོ་ཡོད་མི་དེ་ འདས་པའི་བདུན་ཕྲག་ནང་ མཇུག་བསྡུ་ཡོདཔ་ལས་ ད་རེས་ནངས་པ་ རྩ་མང་རྒེད་འོག་ སྦྲང་མ་གླིང་གཡུས་ཚན་ལས་ སྐྱེས་ལོ་༤༡ ལང་མི་ ཕུན་ཚོགས་ལ་གིས་ གེ་ཟའི་ཞིང་ གླང་དོ་༣ དེ་ཅིག་ནང་ གཡུར་མ་རྐྱབ་མ་ཚུགས་མི་ལུ་བརྟེན་ ཚ་གྱང་ལང་ཡོདཔ་ཨིན་པས།

དམངས་གཙོ་ཚོགས་པའི་འདེམས་ངོ་ འཇིགས་མེད་བཟང་པོ་གིས་ ཁས་བླངས་གསལ་བསྒྲགས་འབད་བའི་བསྒང་།

ཨིན་རུང་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ གཡུར་མ་རྐྱབ་མི་ ལས་མི་༡༥ དེ་ཅིག་འཚོལ་ཐོག་ལས་ ལཱ་འབད་སར་མཐོང་ཡོད་རུང་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ལས་ ལཱ་འགོ་བཙུགས་ཏེ་ ཉིན་མའི་ཆུ་ཚོད་༡ དེ་ཅིག་ལང་པའི་ཤུལ་ལུ་ ཧེང་སྐལ་ར་ ལཱ་འབད་མ་ཚུགས་པའི་ ཚ་གྱང་ལང་དགོཔ་བྱུང་མི་དེ་ཡང་ ལས་མི་ཚུ་ག་ར་ ཁས་བླངས་བསྐུལ་བསྒྲགས་ཉན་པར་འགྱོ་དགོ་མི་ལུ་བརྟེན་ཨིན་པས།
དེ་ཡང་ མོང་སྒར་རྫོང་ཁག་གི་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ འཇིགས་མེད་བཟང་པོ་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ་གཉིས་ཀྱི་ ཁས་བླངས་གསལ་བསྒྲགས་ཉན་པར་འགྱོ་དགོ་ནི་དེ་གིས་ཨིན་པས།
གཡུས་ཚན་དེ་ནང་ ཁྱིམ་གུང་པ་༡༨ དེ་ཅིག་ལས་བརྒལ་མེདཔ་ལས་ མི་སེར་མང་ཤོས་ཅིག་ ཁོང་རའི་ལས་མི་ཨིནམ་ལས་ འཛོམས་འདུ་དེ་གིས་ ལཱ་འབད་ནི་ལུ་ བར་ཆད་འབྱུང་ནི་མས་ཟེར་མནོ་ཡོད་རུང་ འདེམས་ངོ་༢ ཀྱིས་ ཁས་བླངས་གསལ་བཤད་འབད་ནི་ལུ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ལས་བརྒལ་ མ་འགོརཝ་ལས་བརྟེན་ སེམས་དགའ་ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་གི་སྲིད་ཚོགས་༢ ཀྱི་ འདེམས་ངོ་གིས་ ཁོང་རའི་ཁས་བླངས་བསྐུལ་བསྒྲགས་ལས་རིམ་དེ་ སྟབས་གཅིག་ཁར་འབད་དོ་ཡོདཔ་ལས་ མི་སེར་ཚུ་འབད་རུང་ སེམས་དགའ་ཡོདཔ་མ་ཚད་ དེ་གིས་ ལོག་ཅི་ལོག་ཅི་ར་ འཛོམས་འདུ་ནང་འོང་མ་དགོ་པར་ སྟབས་བདེ་ནི་དེ་གིས་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ འཇིགས་མེད་བཟང་པོ་གིས་ འཛོམས་འདུའི་ནང་འོང་མི་ཚུ་ལུ་ སླབ་མིའི་ནང་ འགོ་ཐོག་བཙག་འཐུའི་སྐབས་ལུ་ ཁོ་ར་ འབྲུག་མཉམ་རུབ་ཚོགས་པའི་འཐུས་མི་ཨིན་རུང་ ད་ལས་ཕར་ མི་སེར་ཚུ་གིས་ ཁོ་མི་སེར་དམངས་གཙོ་ཚོགས་པ་ཨིན་པའི་ མནོ་བསམ་གཏང་གནང་དགོ་ཟེར་ཨིན་པས།
དེ་ཡང་ ཁོ་གིས་ ཁྲིམས་མཐུན་ཐོག་ལས་ མི་སེར་དམངས་གཙོ་ཚོགས་པ་ནང་འཛུལ་ཡོདཔ་ལས་ མི་སེར་དམངས་གཙོ་ཚོགས་པའི་ལྟ་བ་དེ་ཡང་ མི་སེར་ཚུ་ལུ་ དབང་ཚད་ཕྱིར་སྤེལ་སྤྲོད་ནི་དེ་ཨིན་ཟེར་ཨིནམ་ད་ དབང་ཚད་དེ་ མི་སེར་ཚུ་ལུ་ སྤྲོད་དེ་འབད་བ་ཅིན་ རྒྱལ་ཁབ་ནང་ ཞི་བདེ་ཡང་ དེ་ལུ་བརྟེན་འབྱུང་ཚུགས་ཟེར་ཨིན་པས།
མི་སེར་ཚུ་གིས་འབད་རུང་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ ཧིང་ལས་ར་ཕྱག་ཞུ་ཚུགས་པའི་སྲིད་ཚོགས་ ཡར་ལས་མར་བཀོད་རྒྱ་གནང་མི་མེན་པར་ མི་སེར་ཚུ་གི་བཀོད་རྒྱ་ཉན་མི་ འགོ་ཁྲིདཔ་ཚུ་ བཙག་འཐུ་འབད་དགོཔ་ཁག་ཆེ་ཟེར་ འཇིགས་མེད་བཟང་པོ་གིས་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གལ་སྲིད་ མི་སེར་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་དེ་ བཙག་འཐུ་འགྲུབ་པ་ཅིན་ ཚོགས་པ་དེ་གིས་ རྒྱལ་ཁབ་ནང་གི་ཁྲིམས་ལུ་ གུས་བཀུར་འབད་ནི་དང་ རྩ་ཁྲིམས་ཅན་གྱི་གཙུག་སྡེ་ཚུ་ལུ་ ལགཔ་མ་རྐྱབ་པར་ སྒྲིང་སྒྲིང་བཟོ་ཐབས་ལུ་ རྒྱབ་སྐྱོར་ ཕུལ་ནི་ཟེར་ཨིན་པས།
ཁྲིམས་ཚུ་ལེགས་ཤོམ་བཟོ་ནི་ཨིན་པའི་ཁར་ དཔལ་འབྱོར་གོང་འཕེལ་གཏང་ཐབས་ལུ་ གཞུང་ལྟེ་བ་ལས་ རྫོང་ཁག་དང་ རྒེད་འོག་ལུ་ མཛུབ་མོ་དཔག་སྟེ་ བཀོད་རྒྱ་བྱིན་ནི་མེན་པར་ འཆར་གཞི་དང་ སྲིད་བྱུས་ཚུ་ལེགས་ཤོམ་བཟོ་ཐོག་ལས་ འགོ་ཁྲིདཔ་ཚུ་གིས་ཡང་ མཉམ་གཅིག་སྦེ་ བཅའ་མར་གཏོགས་ནི་ཟེར་ཨིན་པས།
གལ་སྲིད་ མི་སེར་གྱིས་བཙག་འཐུ་གནང་པ་ཅིན་ བཀྲིས་སྒང་དང་ བུམ་ཐང་གི་བར་ནའི་གཞུང་ལམ་དེ་ མགྱོགས་ལམ་བཟོ་ནི་དང་ ལྟ་བཤལ་གྱི་ཕན་ཐོགས་ལུ་དམིགས་ཏེ་ ཡོན་ཕུག་ལ་གི་ གནམ་གྲུ་ཐང་ལེགས་ཤོམ་བཟོ་ནི་ དེ་ལས་ ཀུ་རི་གོང་རི་དང་ ཨུ་ཛོ་རོང་ ཐང་རོང་གི་ གློག་མེ་ལས་འགུལ་ཚུ་གཞི་བཙུགས་འབད་ནི་ རྒེད་འོག་ནང་ སྣུམ་འཁོར་བཱོ་ལི་རོ་ ལག་ལེན་འཐབ་ནི་ཚུ་ཨིན་པས།
རྒེད་འོག་འགོ་ཁྲིདཔ་ཚུ་ ལྕོགས་གྲུབ་ཅན་བཟོ་དགོ་པ་ཅིན་ ཐོབ་ཁུངས་ལེགས་ཤོམ་བཟོ་དགོཔ་ལས་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་ཨིན་ཟེར་ཨིནམ་ད་ མོང་སྒར་ལུ་ ལྕོགས་གྲུབ་ཅན་ ལེ་ཤ་ཡོད་རུང་ གདོང་ཁར་ཐོན་མ་བཏུབ་མི་དེ་ མི་སེར་ཚུ་གིས་ བཙག་འཐུ་འབད་བའི་སྐབས་ལུ་ འཛོལ་བའི་ཐོག་ལས་ལཱ་འབད་དོ་ཡོད་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ་གིས་ མི་སེར་ཚུ་ལུ་ སླབ་མིའི་ནང་ ད་རེས་མོ་གིས་ མི་སེར་ཚུ་གི་གདོང་ཁར་ཐོན་ཚུགས་མི་དེ་ཡང་ མི་སེར་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ བློ་གཏད་དང་ ཡིད་ཆེས་ཡོདཔ་ལས་བརྟེན་ཨིན་ཟེར་ཨིནམ་ད་ འགོ་ཐོག་བཙག་འཐུའི་སྐབས་ལུ་ མི་སེར་ཚུ་གིས་ རྒྱབ་སྐྱོར་གནང་སྟེ་ ད་རེས་ སྤྱིར་བཏང་བཙག་འཐུའི་ནང་ བཅའ་མར་གཏོགས་ཚུགས་མི་ལུ་ བཀྲིན་དགའ་ཚོར་དང་ ད་ལས་ཕར་འབད་རུང་ མི་སེར་ཚུ་གིས་ རྒྱབ་སྐྱོར་གནང་འོང་ མནོ་བའི་རེ་བ་ཡོད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ གལ་སྲིད་ ལོག་སྟེ་ར་ འབྲུག་ཕུན་སུམ་ཚོགས་པ་གཞུང་གིས་ གཞུང་སྐྱོང་གི་བཙག་འཐུ་འགྲུབ་ཚུགས་པ་ཅིན་ མི་སེར་ལུ་ དམ་ཚིག་གཙང་མའི་སྒོ་ལས་ ཧེ་མ་བཟུམ་སྦེ་ར་ གོང་འཕེལ་གྱི་ལཱ་ཚུ་ ཕྱག་ཕྱིད་གང་དྲག་ཞུ་སྟེ་ ཀུ་རི་གོང་རི་དང་ རོཏ་པ་གཞོང་གློག་མེ་ལས་འགུལ་ སྦོང་སྡེ་མ་ལུ་ བཟོ་གྲྭ་འཕྲུལ་ཁང་བཙུགས་ཏེ་ མི་སེར་ཚུ་ལུ་ འཚོ་བ་ཡར་དྲག་བཏང་ཐབས་འབད་ནི་ཟེར་ཨིནམ་ལས་ མི་སེར་ཚུ་གིས་འབད་རུང་ བློན་པོ་ཅིག་ དགོ་པའི་མནོ་བསམ་གཏང་ནི་མི་འོང་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གཞུང་གིས་ མི་སེར་ཚུ་ལུ་ ལོ་༥ འི་རིང་ལུ་ ཕྱག་ག་དེ་སྦེ་ཞུ་ཡི་ག་ དྲང་དཔོན་དེ་ མི་སེར་ཚུ་ཨིན་ཟེར་ཨིནམ་ད་ ཁོང་གི་ཧོངས་ལས་འབད་བ་ཅིན་ རྩ་བ་གསུམ་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ དམ་ཚིག་དཔང་ལུ་བཙུགས་ཏེ་ ཕྱག་ཞུ་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ འཇིགས་མེད་བཟང་པོ་གིས་ ཁོ་ར་ འབྲུག་མཉམ་རུབ་ཚོགས་པའི་ནང་ སྡོད་པའི་སྐབས་ལུ་ མི་སེར་དམངས་གཙོ་ཚོགས་པའི་ཁས་བླངས་ གནམ་གྲུ་ཉོ་ནི་དང་ སྣུམ་འཁོར་བཱོ་ལི་རོ་ལ་སོགས་པ་ བྱིན་ནི་ཟེར་སླབ་མི་ལུ་ ཨ་ལུ་ཆུང་ཀུ་ལུ་ གུ་རམ་བྱིན་དོ་བཟུམ་ཨིན་མས་ཟེར་ སླབ་ཡོད་རུང་ ད་རེས་ ཁོ་ར་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ཨིན་མས་ཟེར་ཨིན་པས།
འཛོམས་འདུ་ནང་བཅའ་མར་གཏོགས་མི་ལ་ལུ་ཅིག་གིས་ སླབ་མིའི་ནང་ འཇིགས་མེད་བཟང་པོ་དེ་ ཧེ་མར་ ཚར་ཅིག་འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ཨིན་རུང་ ད་རེས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ཨིན་ཟེར་འོང་མི་ལུ་ མི་སེར་ཚུ་ མགུ་འཐོམ་བཅུགཔ་མས་ཟེར་ཨིན་རུང་ མོ་གི་ཚོགས་རྒྱན་དེ་ ག་ལུ་བྱིན་ནི་ཨིན་ན་ སེམས་ཐག་བཅད་ཅི་སེར་ཨིན་པས།
ད་རུང་ སོ་ནམ་པ་ཅིག་གིས་ སླབ་མིའི་ནང་ མོང་སྒར་རྫོང་ཁག་ནང་ བློན་པོ་དེ་ ཕོ་མོ་ག་འོང་རུང་མ་འོང་རུང་ མི་ཉམས་མྱོང་ཡོད་མི་དང་ ལོ་ན་རྒས་མི་ཚུ་ དགོ་ནི་མས་ཟེར་ཨིན་པས།
མི་སེར་མང་ཤོས་ཅིག་གིས་ སླབ་མིའི་ནང་ འཇིགས་མེད་བཟང་པོ་དེ་ སྲིད་ཚོགས་ག་ཏེ་ཡང་ གནས་སོར་འགྱོ་དོ་བཟུམ་ཨིནམ་ལས་ ཚོགས་རྒྱན་དེ་ མི་དྲང་བདེན་ཡོད་མི་ཅིག་ལུ་ བཙུགས་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment