གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ལོ་༢༠༡༣ ལུ་ ཡིད་འཛིན་གྱིས་ ཨང་དང་པ།

༡༧/༦/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༡༥ རེས་གཟའ་ཉི་མ་ལུ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ ཐིམ་ཕུ་ཕུཊ་བཱོལ་ སྡེ་ཚན་ཀ་པའི་ མཐའ་བཅད་རྩེད་འགྲན་འབད་མིའི་ནང་ ཡིད་འཛིན་གྱིས་ རྫོང་རིག་ལུ་ གཱོལ་༣ བཙུགས་ཏེ་ ཨང་དང་པ་ ཐོན་ཡི།
ཡིད་འཛིན་སྡེ་ཚན་གྱིས་ སྤྲོ་སྣང་ཐོག་ལས་ དགའ་སྤྲོ་འགྱུར་བའི་བསྒང་།


དུས་ཡུན་བར་མཚམས་ངལ་གསོ་ཚུན་ རྫོང་རིག་སྡེ་ཚན་གྱིས་ ཡིད་འཛིན་ལུ་ གཱོལ་༢ བཙུགས་པའི་སྐབས་ རྫོང་རིག་གིས་ གཱོལ་༡ ཡང་བཙུགས་མ་ཚུགས་མི་ལུ་ལྟ་སྟེ་ ལྟདམོ་ལྟ་མིའི་མཐོང་སྣང་ལུ་ དོ་འགྲན་འབད་མ་ཚུགསཔ་བཟུམ་མའི་ དོགས་པ་ཆགས་ཡོདཔ་ཨིན་པས།
ཨིན་རུང་ བར་མཚམས་ལས་ ལོག་རྩེད་འགྲན་འབདཝ་ད་ ཡིད་འཛིན་གྱིས་ བཱོལ་རྐྱབ་མི་དེ་ སྒོ་སྲུང་བཱོལ་བཟུང་མི་གིས་ བདའ་མ་ཟུན་པར་ གཱོལ་འཛུལ་བའི་ཤུལ་ལུ་ གཱོལ་༢ ཐེབས་བཙུགས་པའི་སྐབས་ རྫོང་རིག་གི་ དོ་འགྲན་འབད་མ་ཚུགས་པར་ གཱོལ་༡ གིས་ ཕམ་ཡོདཔ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ སྡེ་ཚན་ཀ་པའི་ ཕུཊ་བཱོལ་རྩེད་འགྲན་དྲགོས་ཐོན་མི་ ཡིད་འཛིན་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༠༠,༠༠༠ དང་ ཨང་༢ པ་ཐོན་མི་ ཐིམ་ཕུ་ཁྲོམ་སྡེ་ལུ་ དངུལ་ཀྲམ་༨༠,༠༠༠ དང་ ཨང་༣ པ་ཐོན་མི་ རྫོང་རིག་ལུ་ དངུལ་ཀྲམ་༣༠,༠༠༠ གསོལ་རས་བྱིན་ཡོདཔ་མ་ཚད་ རྒྱལ་རྟགས་དང་ རང་སོའི་ངོ་རྐྱང་གི་རྟགས་མ་ཚུ་ཡང་ བྱིན་ཡི།
ཡིད་འཛིན་སྡེ་ཚན་གྱི་ འཛིན་སྐྱོང་པ་འཇིགས་མེད་ནོར་བུ་གིས་ སླབ་མི་དང་འཁྲིལཝ་ད་ དུས་ཅི་ སྡེ་ཚན་གྱིས་ ཨང་༡ པ་ཐོན་ཡོདཔ་ལས་ རྩེད་འགྲན་འབད་མི་ཚུ་ལུ་ འཕྲོ་མཐུད་སློབ་སྦྱོང་དང་ ཡོན་ཏན་ དེ་ལས་ རིག་རྩལ་ཡར་དྲག་ གཏང་ནིའི་དོན་ལུ་ སྦྱོང་བརྡར་ཚུ་ བྱིན་ནི་ཟེར་ ཨིན་པས།
རྩེད་འགྲན་འབད་མི་ཚུ་གིས་ ད་རིས་བ་དྲགཔ་སྦེ་ རིག་རྩལ་དང་ མཁས་མཆོག་གི་ཐོག་ལས་ རྩེད་འགྲན་འབད་བཅུག་ནིའི་དོན་ལུ་ སློབ་སྟོན་པ་དང་ རྩེད་འགྲན་འབད་མི་ ཕྱི་ཁ་ལས་ ལེན་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
རྫོང་རིག་སྡེ་ཚན་གྱིས་ ཨང་༢ པ་ཐོན་མ་ཚུགས་མི་དེ་ཡང་ སྡེ་ཚན་གྱིས་ སྐུགས་༡༠ ཐོབ་ད་ ཐིམ་ཕུ་ཁྲོམ་སྡེ་གིས་ སྐུགས་༡༦ ཐོབ་མི་ལུ་བརྟེན་ཨིནམ་བཞིན་དུ་ ཡིད་འཛིན་གྱིས་ སྐུགས་༢༢ ཐོབ་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ནང་ དྲགོས་ཐོན་མི་ ཡིད་འཛིན་དང་ ཐིམ་ཕུ་ཁྲོམ་སྡེའི་ སྡེ་ཚན་༢ ཀྱིས་ རྒྱལ་ཡོངས་རྒྱལ་རྟགས་ཀྱི་ ཕུཊ་བཱོལ་འགྲན་བསྡུར་ནང་ བཅའ་མར་གཏོགས་ནི་ཨིནམ་ད་ དེ་ཡང་ རྒྱ་གར་དང་ བང་ལ་དེཤ་ དེ་ལས་ གཞན་རྒྱལ་ཁབ་ཚུ་ནང་ལས་ དྲགོས་ཐོན་མི་སྡེ་ཚན་ཚུ་གི་ བར་ན་ རྩེད་འགྲན་འབད་ནི་ཨིནམ་ད་ རྩེད་འགྲན་དེ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment