གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་༢ གཅིག་བསྡོམས་འབད་འབདཝ་མེད་པའི་ཁུངས་གསལ།

༡༧/༦/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ན་གཞོན་དཔལ་རིའི་ སྤྱི་དོན་ཁང་ནང་སྦེ་ སྤྱིར་བཏང་བཙག་འཐུའི་དོན་ལས་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ མི་སེར་སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡི།
མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས་ ཁས་བླངས་གསལ་བསྒྲགས་འབད་བའི་བསྒང་།


དེ་ཡང་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ལས་ མི་སེར་ཚུ་འོང་ནི་འགོ་བཙུགས་ཡོདཔ་ད་ བཅའ་མར་གཏོགས་མིའི་གྲངས་སུ་ རྒས་ཤོསམ་དང་ གཞོནམ་ གླ་འཁོར་དེད་གཡོགཔ་ སྒེར་སྡེ་ནང་ལཱ་འབད་མི་ ན་གཞོན་དང་ སློབ་ཕྲུག་ཚུ་ཡོདཔ་ད་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་ཤུལ་ལས་ ན་གཞོན་དཔལ་རིའི་སྤྱི་དོན་ཁང་ནང་ མི་མ་ཤོངམ་ལས་བརྟེན་ ལེ་ཤ་ཅིག་ར་ ལོང་སྡོད་དགོཔ་ཐོན་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ལུ་ བརྙས་བཅོས་འབད་ཡོད་པའི་སྐོར་ལས་ བཤད་ཡོདཔ་མ་ཚད་ ཁོ་གིས་ཡང་ ལོག་བརྙས་བཅོས་ཚུ་ འབད་ཡོདཔ་ད་ ཚོགས་པ་ལུ་ ཉེས་འཛུགས་འབད་ཡོད་པའི་སྐོར་ལས་ དུམ་གྲ་ཅིག་ གསལ་བཤད་འབད་བའི་ཤུལ་ལས་ དབང་ཚད་ཕྱིར་སྤེལ་གྱི་སྐོར་ལས་བཤད་ཅི།
མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་དང་གཅིག་ཁར་ ལྷོ་ཐིམ་ཕུ་དང་ བྱང་ཐིམ་ཕུ་གི་ འདེམས་ངོ་གཉིས་ཀྱིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ཁོང་གིས་ མི་སེར་ཚུ་གིས་ མཐའ་བཅད་ཚོགས་རྒྱན་མ་བཙུགས་པའི་ཧེ་མར་ ཚོགས་པ་ག་གིས་ མི་སེར་དང་ གཞུང་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས་ག་ ལེགས་ཤོམ་སྦེ་ དབྱེ་བ་དཔྱད་ཞིནམ་ལས་རྐྱངམ་གཅིག་ ཚོགས་རྒྱན་བཙུགས་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་གྱིས་ སླབ་མིའི་ནང་ ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ དེ་ནང་ག་ཅི་ཡོདཔ་ཨིན་ན་དང་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་ཡོད་མེད་བལྟ་ནི་དང་ མི་སེར་གྱི་ མཐའ་དོན་ལུ་ ག་གིས་ཕན་ཐོགས་ནི་ཨིན་ན་དེ་ མི་སེར་ཚུ་གིས་ དབྱེ་བ་དཔྱད་དཔ་འདྲཝ་ཅིག་འབད་བ་ཅིན་ ཚོགས་རྒྱན་བཙུགས་ནི་ནང་ འཛོལ་ར་མི་འཛོལ་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཚོགས་པའི་གཙོ་འཛིན་གྱིས་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཉེས་འཛུགས་འབད་ཡོད་པའི་སྐོར་ལས་སླབ་སྟེ་ ལོག་སྟེ་ར་ འབྲུག་ཕུན་སུམ་ཚོགས་པ་ལུ་ཡང་ དམའ་ཕབ་རྐྱབ་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་གཉིས་ གཅིག་བསྡོམས་འབད་ཡོད་པའི་སྐོར་ལས་ བདེན་ར་མི་བདེན་ཟེར་ཨིནམ་ད་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ལ་ལུ་ཅིག་ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་མི་ཚུ་ཡང་ ཁོང་རའི་ དང་འདོད་དང་འཁྲིལ་ཏེ་ འཛུལ་འཛུལཝ་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ འགྱུར་བ་དགོཔ་ཁག་ཆེ་མི་ལུ་བརྟེན་ ཚོགས་པ་གསརཔ་ལེ་ཤ་ཅིག་ར་ ཐོ་བཀོད་བྱུང་ཡི་ཟེར་ཨིནམ་ད་ ཚོགས་པ་གསརཔ་ལུ་ རྒྱབ་སྐྱོར་འབད་མི་ མི་སེར་ཚུ་གིས་ ཚོགས་པ་གསར་པའི་ དམིགས་གཏད་དེ་ར་ འགྱུར་བ་ཨིནམ་ལས་ དེ་ཧ་གོ་ཞིནམ་ལས་ ཚོགས་རྒྱན་བཙུགས་དགོཔ་ཨིན་ཟེར་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁོང་རའི་ ཁས་བླངས་གསལ་བསྒྲགས་འབད་ནི་མེན་པར་ ཁས་བླངས་གསལ་བསྒྲགས་ཀྱི་ དུས་ཚོད་མང་ཤོས་ཅིག་ མི་སེར་དམངས་གཙོ་ཚོགས་པ་ལུ་ དམའ་ཕབ་རྐྱབ་སྟེ་ར་ རྫོགསཔ་མས་ཟེར་ཨིན་པས།
དེ་འབདཝ་ད་ དམའ་ཕབ་རྐྱབ་མི་དེ་ གཙོ་བོ་ར་ གཞན་མི་ཚོགས་པ་དེ་ སྒྲིང་སྒྲིང་ཡོདཔ་ཤེས་ཞིནམ་ལས་ འདྲོག་སྟེ་འབདཝ་མས་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ སླབ་དགོ་ར་མནོ་བ་ཅིན་ མི་སེར་ག་ར་གིས་ མཐོང་ཚུགསཔ་སྦེ་དང་ ག་ར་གིས་ གོ་ཚུགསཔ་སྦེ་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ རྩོད་བསྡུར་འབད་དགོཔ་བཟུམ་ཅིག་འདུག་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་ཨིན་པས།
ཚོགས་པའི་ ཁས་བླངས་གསལ་བསྒྲགས་དང་ དབང་ཚད་ཕྱིར་སྤེལ་དེ་ འབད་མི་ཚུགས་ཟེར་ འབྲུག་ཕུན་སུམ་ཚོགས་པ་གིས་ མནོ་བ་ཅིན་ ཁོང་གིས་འབད་དེ་ བཏོན་བྱིན་ནི་ཨིན་ཟེར་ཨིན་པས།
སྨད་ཝང་རྒེད་འོག་ལས་ སྐྱེས་ལོ་༥༦ ལང་མི་ ཉི་མ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ འགྱུར་བ་དགོཔ་དེ་ ཁག་ཆེ་བས་ཟེར་ཨིནམ་ད་ འདེམས་ངོ་ལས་འབད་རུང་ ལྕོགས་གྲུབ་ཅན་ཡོད་མི་ ལེ་ཤ་ཅིག་ར་ མི་སེར་དམངས་གཙོ་ཚོགས་པ་ནང་ འདུག་ཟེར་ཨིན་པས།
མ་གཞི་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཁས་བླངས་གསལ་བསྒྲགས་མང་རབས་ཅིག་ཡོདཔ་ངེས་བདེན་ཨིན་རུང་ དེ་ནང་ལས་ མང་ཤོས་ཅིག་ར་ འགྲུབ་ཚུགས་ནི་བཟུམ་ མཐོངམ་མས་ཟེར་ཨིན་པས།
གླ་འཁོར་དེད་གཡོགཔ་ཚུ་གིས་འབད་བ་ཅིན་ ཧེ་མའི་གཞུང་གིས་ གཞུང་སྐྱོང་ལུགས་དང་ མི་མང་སྐྱེལ་འདྲེན་གྱི་ བཱསི་ཚུ་གི་ལམ་ལུགས་ལྟ་སྟེ་ སེམས་མ་དགའ་ཟེར་ སླབ་ཨིན་པས།
གླ་འཁོར་དེད་གཡོགཔ་ཅིག་ཨིན་མི་ བཀྲིས་ཀྱིས་འབད་བ་ཅིན་ མི་མང་སྐྱེལ་འདྲེན་བཱསི་ཚུ་གིས་ དེ་ནང་ཤོང་ཚད་ལས་བརྒལ་འབག་དོ་ཡོདཔ་མ་ཚད་ བཱསི་ནང་ འགྲུལ་པ་མ་གང་ཚུན་ཚོད་ འགྱོ་མ་བཏུབ་པར་ སྒུག་སྡོདཔ་མས་ཟེར་ཨིན་པས།
ད་ལས་ཕར་ ཁྲོམ་སྡེའི་བཱསི་ཚུ་ ནམ་བསྒུག་ནི་ཨིན་ན་དང་ ནམ་འགྱོ་ནི་ཨིན་ན་གི་ དུས་ཚོད་ཅིག་ གཏན་འཁེལ་བཟོ་དགོ་པས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment