གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་རྙིངམ་༢ ཀྱིས་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི།

༡/༦/༢༠༡༣   ༉ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ནང་ འབྲུག་མི་ཚུ་གིས་ ཧེ་མའི་ སྲིད་དོན་ཚོགས་པ་རྙིངམ་༢ ལུ་ར་ རྒྱབ་སྐྱོར་འབད་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གིས་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་ཨིན་པས།


འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༩༣,༨༠༠ ལྷགཔ་ཅིག་ཐོབ་མི་དེ་ ཚོགས་པ་༤ གི་གྲས་ལས་ མཐོ་ཤོས་ཨིནམ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༦༨,༥༤༥ དེ་ཅིག་ཐོབ་མི་དེ་ མཐོ་ཤོས་༢ པ་ཨིནམ་ལས་ ཚོགས་པ་༢ ཀྱིས་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ སྤྱིར་བཏང་བཙག་འཐུ་ནང་ ད་རུང་ཚར་ཅིག་ དོ་འགྲན་འབད་ནི་ཨིན་པས།
ཨིན་རུང་ སྲིད་དོན་ཚོགས་པ་གསརཔ་ འབྲུག་སྤྱིར་དབང་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་གིས་ འགོ་ཐོག་བཙག་འཐུའི་ནང་ལས་ ཚོགས་རྒྱན་ཉུས་ཤོས་ཐོབ་ཡོདཔ་ལས་ ཚོགས་པ་༢ ཀྱིས་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་མི་འཐོབ་ནི་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༡༢,༥༠༠ དེ་ཅིག་དང་ འབྲུག་མཉབ་རུབ་ཚོགས་པ་གིས་༣༦,༠༠༠ དེ་ཅིག་ཐོབ་ཡོདཔ་ཨིན་པས།
ཨིན་རུང་ ད་ལྟོའི་གྲུབ་འབྲས་ཚུ་ ཐག་བཅད་མེནམ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ གྲུབ་འབྲུས་མཐའ་བཅད་དེ་ ད་རེས་ གསལ་སྟོན་འབད་ནི་ཨིན་མི་དེ་ཡང་ དབང་འདུས་རྫོང་ཁག་གི་ ཉི་ཤོ་སྲས་ཕུ་འདེམས་ཁོངས་ཀྱི་ ཚོགས་རྒྱན་གྲུབ་འབྲས་ཚུ་ རྒྱུན་ལམ་གྱི་དཀའ་ངལ་ལུ་བརྟེན་ ཐོབ་མ་ཚུགསཔ་ལས་ གསལ་སྟོན་འབད་མ་ཚུགས་པར་ ཡོདཔ་ཨིན་པས།
འགོ་ཐོག་བཙག་འཐུ་ནང་ཡང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༣༨༡,༧༩༠ ཡོད་ས་ལས་ བརྒྱ་ཆ་༥༥ དེ་ཅིག་ འོང་ཡོདཔ་ད་ འདས་པའི་ཚོགས་སྡེ་གི་ བཙག་འཐུ་དང་ཕྱདཔ་ད་ ཡང་སེང་སོང་ཡོདཔ་ཨིན་པས།
བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲག་ཤོས་ཀུན་བཟང་དབང་འདུས་ཀྱིས་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་ལས་འབད་བ་ཅིན་ ཡར་སེང་སོང་ཡོད་རུང་ ཆརཔ་མ་རྐྱབ་པ་ཅིན་ ཚོགས་རྒྱན་བཙུགས་མི་ དེ་བ་ལྷགཔ་སྦེ་ འོང་ཡོདཔ་འོང་ཟེར་ཨིནམ་ད་ སྤྱི་ཁྱབ་ཀྱིས་ ཆརཔ་རྐྱབ་མི་ལུ་བརྟེན་ མི་ཚུ་ ཚོགས་རྒྱན་བཙུགས་པར་འགྱོ་ནི་ལུ་ བར་ཆད་རྐྱབ་མི་དེ་ གནམ་བྱཱར་འབད་ནི་དེ་གིས་ དེ་བཟུམ་འཐོན་ནི་གི་ རེ་བ་སྡོད་ཅི་ཟེར་ཨིན་པས།
ཨིན་རུང་ བཙག་འཐུའི་ཉིནམ་ལུ་ དཀའ་ངལ་དུམ་གྲ་རེ་མ་གཏོགས་ ཉེན་ཁ་ཡོད་པའི་ དཀའ་ངལ་ག་ནི་ཡང་ མ་འཐོན་ཟེར་ ལྷན་འཛིན་སྤྱི་ཁྱབ་ཀྱིས་ བཤད་ཡོདཔ་ད་ དབང་འདུས་རྫོང་ཁག་གི་ ཉི་ཤོ་སྲས་ཕུ་འདེམས་ཁོངས་ཀྱི་དོན་ལུ་ བཀྲ་ཤིས་ཆོས་འཁོར་ཟམ་དེ་ཡང་ འཕྱགས་འབག་ཡོདཔ་ལས་ གྲུབ་འབྲས་ཐོབ་མ་ཚུགསཔ་ཨིན་པས།
བརྒྱ་ཆ་ལས་བཅད་པ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་༤༤.༥ དང་ མི་སེར་དམངས་གཙོ་ཚོགས་པ་གིས་ བརྒྱ་ཆ་༣༢.༥ འབྲུག་མཉམ་རུབ་ཚོགས་པ་གིས་ བརྒྱ་ཆ་༡༧ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ བརྒྱ་ཆ་༥ ལྷགཔ་ཅིག་ ཐོབ་ཡོདཔ་ཨིན་པས།
ཚོགས་རྒྱན་བཙུགས་མི་༡༧༢,༨༩༠ དེ་ཅིག་གིས་ མི་ངོ་སྦེ་ ཚོགས་རྒྱན་ས་ཁོངས་ཚུ་ནང་སོང་སྟེ་ བཙུགས་ཡོདཔ་ད་༣༧,༩༤༠ གིས་ འགྲེམ་ཐོག་ཚོགས་རྒྱན་ཐོག་ལས་ བཙུགས་ཡོདཔ་ཨིན་པས།
ཀུན་གསལ་གྱི་ ཡོངས་འབྲེལ་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་༣༣ ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ དེ་ཡང་ མང་ཤོས་ར་ དབུས་ཕྱོགས་དང་ ཤར་ཕྱོགས་རྫོང་ཁག་ག་ར་གིས་ ཚོགས་པ་དེ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིནམ་ད་ ཚོགས་པ་དེ་གིས་ དབང་འདུས་ཕོ་བྲང་ཚུར་བཅད་ཀྱི་རྫོང་ཁག་ ཐིམ་ཕུ་དང་ གསར་སྤང་ དར་དཀར་ནང་ བསམ་རྩེ་ དེ་ལས་ མགར་ས་རྫོང་ཁག་གི་ འདེམས་ཁོངས་ག་ར་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ ཤར་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་ཚུ་ལས་ རྒྱབ་སྐྱོར་མ་ཐོབ་སྟེ་འབད་རུང་ ནུབ་ཕྱོགས་རྫོང་ཁག་གི་ མགར་ས་གི་ དགོན་ཁ་སྟོད་ལ་ཡ་འདེམས་ཁོངས་དང་ སྤུ་ན་ཁ་དང་ དབང་འདུས་ ཧཱ་རྫོང་ཁག་གི་ འདེམས་ཁོངས་ག་ར་ལས་ རྒྱབ་སྐྱོར་ཧྲིལ་བུམ་ ཐོབ་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱི་ མོ་རའི་འདེམས་ཁོངས་ ཁྲིམས་ཤིང་ལས་ ཚོགས་རྒྱན་༢,༠༣༦ ཐོབ་ཡོདཔ་ད་ ཆུ་ཁ་རྫོང་ཁག་གི་ ཕུན་ཚོགས་གླིང་འདེམས་ཁོངས་༢ ལས་མ་གཏོགས་ གཞན་ཁ་ལས་ རྒྱལ་ཁ་ཐོབ་མ་ཚུགས་རུང་ འབྲུག་སྤྱིར་དབང་ཚོགས་པ་གིས་ འདེམས་ཁོངས་ཕུད་རྡོག་གཅིག་ལས་ཡང་ རྒྱལ་ཁ་ཐོབ་མ་ཚུགསཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་གྱི་ཐད་ཁར་ མང་ཤོས་ཀྱིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ མི་ངོམ་༡༦,༢༧༠ ཀྱིས་ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ མི་སེར་དམངས་གཙོ་ཚོགས་པ་ལུ་ཡང་ ཧ་ལམ་ འདྲན་འདྲ་སྦེ་ར་ རྒྱབ་སྐྱོར་འབད་མི་ ཐོན་ཡོདཔ་ཨིན་པས།
ཚོགས་པ་༢ ཀྱིས་ གནད་དོན་ག་ཅི་ལུ་བརྟེན་ ཚོགས་རྒྱན་མཐོ་ཤོས་ ཐོབ་ཡོདཔ་ཨིན་ནའི་ དོགས་སྣང་འཆར་མི་དེ་ཡང་ གཅིག་ལས་འབདནི་ མི་སེར་ཚུ་གིས་ སྲིད་དོན་ཚོགས་པ་གསརཔ་ཚུ་ལུ་ ཡིད་ཆེས་བསྐྱེད་མ་ཚུགས་པའི་ གནད་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་ཨིན་པས།
ཨིན་རུང་ བཙག་འཐུའི་སྐོར་ལས་ རྗེས་ཤུལ་འབད་མི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོགས་པ་གཞན་དང་ ཡོངས་འབྲེལ་ཚུ་ནང་ ཚོགས་པའི་སྐོར་ལས་ སྐྱོན་བརྗོད་འབད་མི་ ལེ་ཤ་ཐོན་ཡོད་རུང་ ཚོགས་པ་གིས་ འདས་པའི་ལོ་༥ གི་རིང་ གྲུབ་འབྲས་བཏོན་ཡོད་མི་ལུ་ མི་སེར་ཚུ་གིས་ རྒྱབ་སྐྱོར་ཡོད་པའི་རྟགས་མཚན་ཨིན་མས་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment