གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡/༦/༢༠༡༣   འགོ་ཐོག་བཙག་འཐུ་ མཐར་འཁྱོལ་བྱུང་ཡོདཔ།
༉ ཁ་ཙ་ རྒྱལ་ཁབ་མཐའ་དབུས་མེད་པར་ དྲོ་པ་ལས་ ཕྱི་རུ་ཚུན་ ཆརཔ་རྒྱུན་ཆད་མེད་པར་རྐྱབ་ཡོད་རུང་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་འགོ་འདྲེན་འཐབ་མི་ལུ་ བར་ཆད་སྦོམ་ཅིག་ རྐྱབ་མ་ཚུགསཔ་ལས་བརྟེན་ ཁྱད་ཚད་ལྡན་པའི་ མི་ངོམ་ཚུ་གིས་ བསམ་པ་རྫོགས་ཏོག་ཏོ་སྦེ་ ཚོགས་རྒྱན་བཙུགས་ཚུགས་ཅི།


ཚོགས་རྒྱན་ས་ཁོངས་ཚུ་ནང་ལྟཝ་ད་ ཆར་པའི་ནང་ སྐྱེས་ལོ་༨༠ གྱ་གྲངས་ནང་འབད་མི་ རྒན་རྒས་ཚུ་གིས་ཡང་ ལགཔ་པར་འཁརཝ་བཤེད་དེ་ ཚོགས་རྒྱན་བཙུགས་པར་ འོང་མི་དེ་ཡང་ གཙོ་བོ་ར་ མི་སེར་དང་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ སྲིད་ཚོགས་ལེགས་ཤོམ་ཅིག་ བཙག་འཐུ་འབད་ནིའི་ ཚ་གྱང་ཡོད་ནི་དེ་གིས་ཨིན་མས།
མགུ་ཏོ་གུ་ ཉི་གདུགས་བཀབ་པའི་ཁར་ རྐང་མར་ཆུ་ལྷམ་བཙུགས་ཏེ་ དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་ རྐང་ཐང་འབད་ ཚོགས་རྒྱན་ས་ཁོངས་ནང་ འོང་བའི་ཤུལ་ལུ་ གྱལ་རིམ་ནང་སྡོད་མི་ ན་གཞོན་ལཱ་གཡོག་མེད་མི་ཅིག་གིས་ སླབ་མིའི་ནང་ ཁྱིམ་ནང་གི་ ལཱ་ལྟོ་ཆག་སྟེ་ ཚོགས་རྒྱན་བཙུགས་པར་འོང་དགོ་པའི་ དམིགས་གཏད་ངོ་མ་ར་ ན་གཞོན་ཚུ་གི་དོན་ལུ་ ལཱ་གཡོག་གི་ དཀའ་ངལ་མེདཔ་བཟོ་ནི་ཨིན་ཟེར་ ཁས་བླངས་གསལ་བཤད་འབད་མི་ ཚོགས་པ་དེ་ལུ་ རེ་ཆེ་བསྐྱེད་དེ་ ཚོགས་རྒྱན་བཙུགས་པར་ འོང་ཡི་ཟེར་ཨིན་མས།
འདི་བཟུམ་མའི་ ངོ་རྐྱང་གི་ བསམ་བཤད་སྣ་ཚོགས་འབད་མི་དེ་ ཚོགས་རྒྱན་བཙུགས་པར་འོང་མི་ ག་ར་གིས་ གསལ་བཀོད་འབད་ནི་འདུག།
ཨིན་རུང་ ཚོགས་རྒྱན་གྱི་དུས་ཚོད་ མཇུག་མ་བསྡུཝ་ཅིག་ལས་ ཚོགས་རྒྱན་བཙུགས་མི་ཚུ་ག་ར་ སེམས་འཚུབ་ཐོག་ལས་ གཅིག་གིས་གཅིག་ལུ་ དོ་འགྲན་འབད་མི་ཚོགས་པ་༤ གི་གྲས་ལས་ ག་གིས་ རྒྱལ་ཁ་འཐོབ་ཚུགས་ག་ཟེར་བའི་ དྲི་བཀོད་ཚུ་འབད་བའི་ཁར་ བསམ་འཆར་བརྗེ་སོར་འབད་བའི་ མཐོང་གསལ་བྱུངམ་ཨིན་མས།
རྒྱལ་ཁའི་སྔོན་བཤད་འབད་མི་ སྡེ་ཚན་ཚུ་ནང་ལྟཝ་ད་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གི་བར་ན་ རྩོད་འགྲན་དང་ ཁ་ཤགས་རྐྱབ་དགོཔ་བྱུང་དོ་ཡོདཔ་ད་ དེ་ཡང་ རང་སོའི་ ཚོགས་པའི་ལྟ་བ་དང་ གཞི་རྩ་ཚུ་ གཞན་ལས་ཁྱད་དུ་འཕགས་པའི་ བདེན་ཁུངས་བཟང་མི་ལུ་བརྟེན་ཨིན་མས།
དམངས་གཙོའི་རིང་ལུགས་ནང་ ཚོགས་རྒྱན་བཙུགས་མི་ཚུ་གི་ ནང་འཁོད་ལུ་ འདི་བཟུམ་མའི་ སྲིད་དང་འབྲེལ་བའི་རྩོད་འགྲན་དང་ དགག་བཤེར་དང་ཚད་མཉམ་བྱུང་མི་དེ་ རྒྱབ་ཁབ་ལུ་ ཤ་ཚ་བའི་ རྟགས་མཚན་ཅིག་ཨིནམ་མ་ཚད་ དམངས་གཙོའི་གཞི་འགྱམ་སྒྲིང་སྒྲིང་སྦེ་ ར་བཏགས་ནི་གི་ བརྡ་མཚོན་ཅིག་ཡང་ སྟོནམ་མེན་ན་ཟེར་མནོཝ་མས།
ཕྱི་རུ་ཁམས་ཅིག་ལས་ ཚོགས་པ་ཚུ་གི་ རྒྱབ་སྐྱོར་པ་ཚུ་ག་ར་ རྒྱང་མཐོང་ཊི་བི་གི་གདོང་ཁར་ སེམས་འཚུབ་ཐོག་ལས་ ཚོགས་རྒྱན་གྱི་ གྲུབ་འབྲས་གསལ་སྟོན་ལུ་ སྒུག་སྡོད་པའི་བར་ན་ར་ གྲུབ་འབྲས་ཚུ་ གཅིག་ཤུལ་གཉིས་ཤུལ་སྦེ་སྟོནམ་ད་ ཚོགས་རྒྱན་ཉུང་སུ་ཐོབ་མི་ཚུ་ རང་བཞིན་གྱིས་ སེམས་དཔའ་ཞུམ་པའི་ཁར་ ཚོགས་རྒྱན་མང་སུ་ཐོབ་མི་ཚུ་ སེམས་དགའ་སྟེ་ སྡོདཔ་ཨིན་མས།
མཐའན་མཇུག་ཁར་ དོ་འགྲན་འབད་མི་ ཚོགས་པ་༤ གི་གྲས་ལས་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གིས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ མཐར་འཁྱོལ་བྱུང་ཡི།
ཨིན་རུང་ ཚོགས་པ་དེ་༢ ཀྱིས་ ད་རུང་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཀྱི་དོན་ལས་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་དགོཔ་ཨིན་ཟེར་ ཞུ་ནི་ཨིན།

No comments:

Post a Comment