གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉ་བཟུང་ནིའི་དོན་ལུ་ རྫས་བམ་བཀལ་མི་ཕོ་སྐྱེས་༡ ལུ་ཤི་རྐྱེན་དང་ གཞན་མི་༢ འཛིན་བཟུང་འབད་ཡོདཔ།

༤/༦/༢༠༡༣   ༉ ཁ་ཙ་ ལྷུན་རྩེ་ཁྲིམས་ཀྱི་འདུན་སར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ ཁྲིམས་འགལ་ཐོག་ལས་ ཉ་བཟུང་ནིའི་དོན་ལུ་ ཆུ་ནང་རྫས་བམ་བཀལཝ་ད་ ཤི་རྐྱེན་བྱུང་མི་ ཚེ་འདས་ཕོ་སྐྱེས་དེ་གི་ ཆ་རོགས་༢ ལུ་ ཉེས་འཛུགས་འབད་ཡི།


དེ་ཡང་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༧ ལུ་ ལྷུན་རྩེ་དང་ ཤིང་མཁར་གོར་གཱན་གཞུང་ལམ་གྱི་ ལམ་སེལ་ལས་འགུལ་ནང་ལཱ་འབད་མི་ སྨད་ཚོ་རྒེད་འོག་ ཞོང་སྨད་གཡུས་ཚན་ལས་ཨིན་མི་ ཚེ་འདས་ཕོ་སྐྱེས་དེ་གིས་ ཁྲིམས་འགལ་ཐོག་ལས་ ཉ་བཟུང་ནིའི་དོན་ལུ་ ཝམ་བུར་ཆུ་ནང་ རྫས་བམ་བཀལཝ་ད་ ཁོ་ར་ལུ་ཕོག་སྟེ་ ཤི་རྐྱེན་བྱུང་ཡོདཔ་བཞིན་དུ་ དེ་བསྒང་ འབྲེལ་གཏོགས་འབད་མི་ ཕོ་སྐྱེས་གཞན་༢ ཡང་ ཡོདཔ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༨ ལུ་ ལས་འགུལ་བཟོ་རིག་འགོ་དཔོན་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ བྱུང་རྐྱེན་གྱི་སྐོར་ལས་ སྙན་ཞུ་འབད་བའི་ཤུལ་ལས་ ཞིབ་དཔྱད་འབདཝ་ད་ འབྲེལ་གཏོགས་འབད་མི་ ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་དང་ གསོ་བའི་ཞིབ་དཔྱད་སྡེ་ཚན་༢ ཀྱིས་ ཉེས་ལས་འཐབ་སའི་ས་ཁོངས་ནང་ སོང་ཞིནམ་ལས་ ཞིབ་དཔྱད་འབདཝ་ད་ ཚེ་འདས་ཀྱི་ ཆ་རོགས་༢ ཀྱིས་ ས་གནས་འཛོམས་ཐོབ་ཟེར་སར་ གླང་འཚོལ་བར་འགྱོ་བའི་སྐབས་ ལྟོ་མ་གླིང་ལུ་ལྷོདཔ་ད་ རྫས་བམ་གས་པའི་སྐད་གོ་སྟེ་ བལྟ་བར་སོངམ་ད་ ཆུའི་མཐའ་མར་ ཕུངམ་ཅིག་མཐོང་ཡི་ཟེར་ ཤོབ་རྐྱབ་ཡོདཔ་ཨིན་པས།
ཁོང་ཆ་ཁྱབ་ ཝམ་བུར་ཆུའི་མཐའ་མར་འགྱོཝ་ད་ རྡོ་སྦོམ་ཅིག་གུ་ རྫས་བམ་གས་པའི་ཤུལ་དང་ ཁྲག་གཏོར་ཡོད་པའི་ཤུལ་ དེ་ལས་ ཚེ་འདས་ཀྱི་ གྱི་ཅུང་དང་ ཅ་པཱལ་ཚུ་ མཐོང་ཡོད་པའི་ཁར་ དོརམ་དང་ ཁེན་འཇར་རལ་མི་ཚུ་ ཆུ་ནང་མཐོང་ཡོདཔ་མ་ཚད་ དོརམ་རྐངམ་རིངམོ་ཅིག་ སྦས་བཞག་ཡོདཔ་སྦེ་ མཐོང་ནུག།
དོརམ་གཡིབ་བཞག་མི་དེ་ མཐོང་བའི་ཤུལ་ལས་ ཁྲིམས་སྲུང་འགག་པ་གིས་ དོགས་པ་ཆགས་ཏེ་ འབྲེལ་གཏོགས་འབད་མི་ ཕོ་སྐྱེས་༢ ལུ་ དྲི་དཔྱད་ནན་བསྐྱར་འབདཝ་ད་ ཁོང་༢ ཀྱིས་ རྫས་བམ་བཀལ་ནིའི་དོན་ལུ་ ཁོང་གིས་ཡང་ འབྲེལ་གཏོགས་འབད་ཡོད་པའི་ རྫུན་ཁ་བཟེད་ནུག། 
ཁྲིམས་སྲུང་འགག་པའི་སྙན་ཞུ་དང་འཁྲིལཝ་ད་ ཚེ་འདས་ཀྱི་ཕུངམ་དེ་ རྫས་བམ་གས་པའི་ཤུགས་ཀྱིས་ ལག་པའི་ཀི་ལི་མན་ཆད་ག་ར་ གཏོར་བཏང་པའི་ཁར་ ཕོཝ་དང་གདོང་གུ་ རྨ་སྐྱོན་སྦོམ་བཏོན་ཏེ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
ལྷུན་རྩེ་གོར་གཱན་བརྒྱུད་དེ་ བུམ་ཐང་ཤིང་མཁར་ཚུན་ གཞུང་ལམ་བཏོན་ནི་ཨིན་མི་ ལས་འགུལ་གོ་རིམ་དང་པ་ སི་ལི་སྦིས་དཔལ་ཕུག་ གཞུང་ལམ་བསལ་ཚར་ཏེ་ ཞོང་སྨད་གཡུས་ཁར་ ལྷོད་ཡོདཔ་ད་ ལས་འགུལ་ནང་ གཡུས་ཚན་ཁག་སོ་སོ་ལས་ ལས་མི་ཚུ་ཡོད་པའི་ཁར་ ཞོང་སྨད་གཡུས་ཚན་ལས་ ཚེ་འདས་དང་ གཞན་ཆ་རོགས་༢ ལུ་ ཟླ་རིམ་གླ་ཆ་དངུལ་ཀྲམ་༩,༠༠༠ རེ་ སྤྲོད་དོ་ཡོདཔ་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་ རྫས་བམ་བཙུགས་མི་དང་ ཆ་རོགས་ཅིག་གིས་ ལས་རོགསཔ་འབད་ཡོདཔ་ད་ གཞན་མི་དེ་གིས་ རྡོ་དོང་སྤེད་མི་སྦེ་ ལཱ་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༧ ལུ་ ངལ་གསོ་ཨིནམ་ལས་ ཚེ་འདས་ཀྱིས་ ཨར་རྐུན་འབད་བཞག་མི་ རྫས་བམ་ཕོ་ཅུང་༣ དང་ རྫས་ཐག་ཐུང་ཀུ་༡ ཡོདཔ་ད་ ཆ་རོགས་ཅིག་གིས་ཡང་ ལམ་སེལ་ས་ཁོངས་ནང་ སོང་ཞིནམ་ལས་ རྫས་བམ་གྱི་ཅ་ཆས་ཐགཔ་རིང་ཚད་མི་ཊར་༡ དེ་ཅིག་དང་ པ་ཝར་ཇེལ་༣ ཨར་རྐུན་འབད་ཡོདཔ་ཨིན་པས།
ཁོང་༣ ཆུའི་མཐའ་མར་ལྷོད་པའི་ཤུལ་ལས་ ཚེ་འདས་ཀྱིས་ རྡོ་སྦོམ་ཅིག་གུ་འཛེགས་ཏེ་ རྫས་བམ་ཅ་ཆས་ཚུ་ རྡོ་ཆུང་ཀུ་ཅིག་ལུ་ བསྡམ་པའི་སྐབས་ ཆ་རོགས་༢ ཀྱིས་ མི་ཊར་༥ དེ་ཅིག་གི་ས་ཁར་ རྡོ་སྦོམ་༡ གི་རྒྱབ་ཁ་ལས་ལྟཝ་ད་ ཚེ་འདས་ཀྱིས་ རྫས་ཐག་གུ་ མེ་སྤར་ཞིནམ་ལས་ ཆུ་ནང་མ་བཀོ་བར་ བཞག་དཔ་ལས་ ཚེ་འདས་ཀྱི་ལག་པར་ གས་སོ་ཡི་ཟེར་ སླབ་ཡོདཔ་ཨིན་པས།
དེ་གི་ནངས་པར་ ཁོང་༢ ཀྱིས་ ཚེ་འདས་ཀྱི་ཕུངམ་དེ་ གཡུས་ཁའི་མི་ཚུ་ལུ་སླབ་སྟེ་ དུར་ཁྲོད་ནང་ མེ་སྦྱང་འབད་བའི་ནམ་དུས་ལུ་ ཆ་རོགས་༡ ཅིག་གིས་ ཚེ་འདས་ཀྱི་ ཁྱིམ་ནང་ཡོད་མི་ རྫས་བམ་གྱི་ཕོ་ཅུང་༢ པོ་དེ་ ལཱ་རྒྱབ་ལུ་ ཉེས་ལས་འཐབ་པའི་ ས་གནས་ལས་ ཐོབ་ཅི་ཟེར་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༤ པའི་ཚེས་༡༠ ལུ་ ཉེས་ལས་ནང་ འབྲེལ་གཏོགས་འབད་མི་ཕོ་སྐྱེས་༢ འཛིན་བཟུང་འབད་ཞིནམ་ལས་ དོ་དམ་འོག་ལུ་ བཙུགས་བཞག་མི་དེ་ ཁ་ཙ་ རྩོད་བཤེར་འབདཝ་ད་ ཁྲིམས་ཀྱི་འདུན་སར་ བཀལ་ཡོདཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

No comments:

Post a Comment