གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ལུ་ རོ་ཁྱི་གསོ་སྐྱོང་འཐབ་མིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ།

༥/༦/༢༠༡༣   ༉ རྒྱལ་ཁབ་གོང་འཕེལ་ འགྱོ་མི་དང་འཁྲིལ་ ཐིམ་ཕུ་ལུ་ མི་ཚུ་གིས་ རང་སོའི་ཁྱིམ་ནང་ རོ་ཁྱི་གསོ་སྐྱོང་འབད་མིའི་ གྱངས་ཁ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
གསོ་སྐྱོང་འཐབ་བཞག་མི་ རོ་ཁྱིའི་གྱངས་ཁ་དེ་ སྤྱི་ལོ་༢༠༠༧ ལས་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ ལོ་དེ་གི་ སྤྱི་ཟླ་༤ པ་ལས་འགོ་བཙུགས་ གསོ་སྐྱོང་འཐབ་བཞག་མི་ རོ་ཁྱིའི་གྱངས་ཁ་དེ་༡,༦༠༩ གིས་ ཡར་སེང་སོང་ཡོད་མི་དེ་ སྤྱི་ལོ་༢༠༠༨ ལུ་༨༩༠ གིས་ ཡར་སེང་སོང་ཡོདཔ་ཨིན་པས།

གསོ་སྐྱོང་འཐབ་མི་རོ་ཁྱི་ཅིག།


སྤྱི་ལོ་༢༠༠༩ ལུ་ རོ་ཁྱི་༧༩༦ དང་ སྤྱི་ལོ་༢༠༡༠ ལུ་༨༤༩ སྤྱི་ལོ་༢༠༡༡ ལུ་༩༠༥ དེ་ལས་ སྤྱི་ལོ་༢༠༡༢ ལུ་ ༡,༠༨༡ གིས་ ཡར་སེང་སོང་ནུག་ཟེར་ཨིན་པས།
རྒྱལ་ཡོངས་སྒོ་ནོར་སྨན་ཁང་གི་གཙོ་འཛིན་ ཌོག་ཊར་ཀུན་ལེགས་རྡོ་རྗེ་གིས་ འབད་བ་ཅིན་ ཁོང་གི་ཐོ་བཀོད་དང་འཁྲིལཝ་ད་ དུས་ཅི་གི་དོན་ལུ་ ད་ལྟོ་ཚུན་ རོ་ཁྱི་༣༨༠ གིས་ ཡར་སེང་སོང་ཡོདཔ་ད་ ད་རིས་ཀྱི་ཟླཝ་རྐྱངམ་གཅིག་ནང་ར རོ་ཁྱི་༦༣ ཐོ་བཀོད་འབད་ཡོདཔ་ལས་ ད་ལས་ཕར་ ད་རུང་ ལེ་ཤ་ཅིག་ར་ ཐོན་འོང་ཟེར་ཨིན་པས།
ད་རེས་ ཐིམ་ཕུ་ལུ་ གསོ་སྐྱོང་འཐབ་བཞག་མི་ རོ་ཁྱི་བསྡོམས་༦,༠༥༡ ཐོ་བཀོད་འབད་ཡོདཔ་ད་ དེ་ཚུ་གི་གྲས་ལས་ ལ་ལུ་ཅིག་ ནད་གཞི་དང་ རྐྱེན་ངན་ དེ་ལས་ ལོ་ན་རྒས་མི་ལུ་བརྟེན་ ཤི་རྐྱེན་བྱུང་བྱུངམ་འོང་ཟེར་ ཀུན་ལེགས་རྡོ་རྗེ་གིས་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ མ་གཞི་ ལས་ཁུངས་ཀྱིས་ བཅའ་ཁྲིམས་དང་འཁྲིལ་ རོ་ཁྱི་ཚུ་ ཐོ་བཀོད་འབད་དགོ་པའི་ཁྲིམས་ལུགས་ཚུ་ དམ་དམ་སྦེ་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ ཐོ་བཀོད་མ་འབད་བར་ གསོ་སྐྱོང་འཐབ་བཞག་མི་ཡང་ ལེ་ཤ་ཅིག་ར་ འོང་ཟེར་ཨིན་པས།
སྨན་ཁང་གི་ འགོ་དཔོན་ཚུ་གིས་བཤད་མིའི་ནང་ དེ་སྦེ་ སྤྱི་ལོ་༢༠༠༧ ལས་ རོ་ཁྱིའི་གྱངས་ཁ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་སོང་མི་དེ་ཡང་ ཁོང་གིས་ གསོ་སྐྱོང་འཐབ་བཞག་མི་ རོ་ཁྱི་ཚུ་གི་ཐོ་བཀོད་ཚུ་ ལེགས་ཤོམ་སྦེ་ བཞག་ནི་འགོ་བཙུགས་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཐིམ་ཕུ་ལུ་སྡོད་མི་ཚུ་གིས་ རྒྱལ་ཁབ་ནང་འཁོད་ལས་ཐོན་མི་དང་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ ནང་འདྲེན་འབད་མི་ རོ་ཁྱིའི་རིགས་ ལེ་ཤ་ཅིག་ར་ གསོ་སྐྱོང་འཐབ་དོ་ཡོདཔ་ད་ དེ་ཚུ་ཡང་ ཇར་མཱར་ཤེ་ཕཱཌི་དང་ གཱོལ་ཌེན་ཌི་ཊི་བ་ ཨེལ་སི་ཡེ་ཤཱན་ པིཊི་བཱུལ་ པཱོམ་ ལོ་བར་ཌོ་ དམ་ཁྱི་ དེ་ལས་ འབྱོགཔ་ཁྱི་ཚུ་ཨིན་པས།
གསོ་སྐྱོང་འཐབ་བཞག་མི་ རོ་ཁྱི་ཚུ་ལུ་ ལོ་བསྟར་ སྨན་ཁབ་ཚུ་བཙུགས་པའི་ཤུལ་ལུ་ ཨོལ་ལྐོག་གུ་ ངོ་རྟགས་ཐགཔ་ཚུ་ བཏགས་བྱིན་དོ་ཡོདཔ་ཨིན་རུང་ དེ་ཚུ་ ཞག་གྲངས་དག་པ་ཅིག་ནང་ར་ ཆད་འགྱོ་དོ་ཡོདཔ་ལས་ ངོས་འཛིན་འབད་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ཧེ་མ་ སྒོ་ནོར་སྨན་ཁང་དེ་ གཞི་བཙུགས་འབད་བའི་སྐབས་ རྟ་དང་ནོར་ལ་སོགས་པ་ཚུ་རྩིས་ སེམས་ཅན་ལེ་ཤ་ཅིག་ ལྷོད་ནི་ཡོདཔ་ཨིན་རུང་ ཤུལ་ལས་ ཐིམ་ཕུ་ཁྲོམ་དེ་ གོང་འཕེལ་འགྱོ་མི་དང་འཁྲིལ་ ད་རེས་ཀྱི་གནས་སྟངས་ནང་ རྟ་ནོར་ཚུ་ ཁྲོམ་གྱི་ས་ཁོངས་ནང་ བཞག་མ་ཆོག་པའི་ ཁྲིམས་ལུགས་བཟོ་མི་ལུ་བརྟེན་ མང་ཤོས་ར་ རོ་ཁྱི་དང་ བྱི་ལི་ཚུ་མ་གཏོགས་ གཞན་ལྷོད་ནི་མེད་ཟེར་ སྒོ་ནོར་སྨན་ཁང་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཁོང་གིས་འབད་བ་ཅིན་ ནང་འདྲེན་འཐབ་མི་རོ་ཁྱི་ཚུ་ མང་ཤོས་ཅིག་ རྒྱ་གར་རྒྱལ་ཁབ་བརྒྱུད་དེ་ འབག་འོང་དོ་ཡོདཔ་ད་ ལ་ལུ་ཅིག་ ཐའི་ལེནཌི་རྒྱལ་ཁབ་ཚུ་བརྒྱུད་དེ་ཡང་ འབག་འོངམ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ རོ་ཁྱི་ལ་ལུ་ཅིག་ རྒྱ་གར་རྒྱལ་ཁབ་ནང་ དཔེ་ཆ་ལྷབ་པར་འགྱོ་མི་ སློབ་ཕྲུག་ཨ་ལུ་ཚུ་གིས་ཡང་ འབག་འོངམ་མས་ཟེར་ འགོ་དཔོན་ཚུ་གིས་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment