གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་གནམ་ཐང་གི་ ལྕགས་ར་རྐྱབ་ནིའི་ལཱ་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ།

༥/༦/༢༠༡༣  ༉ དགེ་ལེགས་ཕུག་གནམ་ཐང་དེ་ འདས་པའི་ལོ་ནང་ འགོ་འབྱེད་རྟེན་འབྲེལ་བརྩི་ཡོད་རུང་ ད་ལྟོའི་བར་ན་ཡང་ དུས་རྒྱུན་གྱི་མཁའ་འགྲུལ་གྱི་ཞབས་ཏོག་ཚུ་ བྱིན་མ་ཚུགས་པར་ཡོད་མི་དེ་ཡང་ ཉེན་སྲུང་གི་རཝ་དང་ མཐུན་རྐྱེན་གཞན་ཚུ་ བསྒྲུབ་མ་ཚུགས་མི་ལུ་བརྟེན་ཨིན་པས།
ལྕགས་ར་རྐྱབ་ནིའི་ལཱ་ མཇུག་བསྡུ་རན་ཁར་ལྷོད་མི་ དགེ་ལེགས་ཕུག་གནམ་ཐང་།


འབྲུག་མཁའ་འགྲུལ་ལས་ཁུངས་ཀྱི་ བདག་སྐྱོང་འགོ་དཔོན་གཙོ་འཛིན་ ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ ཉེན་སྲུང་དང་ལྡན་པའི་ འཕུར་འགྲུལ་གྱི་ཞབས་ཏོག་དོན་ལུ་ རཝ་རྐྱབ་ནི་དེ་ གལ་ཅན་ཅིག་ཨིན་ཟེར་ཨིནམ་ད་ ཨིན་རུང་ རཝ་རྐྱབ་ནིའི་ལཱ་དེ་ ཧ་ལམ་མཇུག་བསྡུ་རན་ཁར་ ལྷོད་དེ་ཡོད་ཟེར་ཨིན་པས།
འདས་པའི་ལོ་ནང་ གནམ་ཐང་ནང་ གླངམོ་ཆེ་སྡེ་ཚན་ཅིག་གིས་ བརྒྱུད་འབྲེལ་ཅ་ཆས་ཚུ་ མེདཔ་བཏང་ཡོད་མི་དེ་ཡང་ རཝ་མེད་མི་ལུ་བརྟེན་ཨིནམ་ད་ རཝ་དེ་གིས་ སེམས་ཅན་ཚུ་ གནམ་ཐང་ས་ཁོངས་ནང་ འཛུལ་ནི་ལས་ བཀག་ཆ་འབད་ཚུགས་ནི་ཨིནམ་ལས་ འཕུར་འགྲུལ་ཞབས་ཏོག་ལུ་ ཐོ་མི་ཕོག་ཟེར་ཨིན་པས།
དེ་ལས་ གནམ་ཐང་ལུ་བལྟ་སྟེ་ འགྱོ་མི་ལམ་དེ་ཡང་ ལེགས་ཤོམ་ཅིག་མེདཔ་ད་ དེ་ཁར་ རྩི་ནག་གཏང་ནི་དང་ ཆུ་གཡུར་བསལ་ནིའི་ལཱ་ཚུ་ཡང་ འཕྲལ་མགྱོགས་ར་ ཁག་འབག་ལུ་ རིན་བསྡུར་ཐོག་ལས་ སྤྲོད་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
ཨིན་རུང་ ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་སླབ་མི་དང་འཁྲིལཝ་ད་ འཕུར་འགྲུལ་ཞབས་ཏོག་དེ་ ནམ་ལས་འགོ་བཙུགས་ཚུགས་ག་ ད་ལྟོ་ གཏན་འཁེལ་མ་འགྱོ་བར་ཡོད་མི་དེ་ཡང་ མཐུན་རྐྱེན་གཞན་ཚུ་ མ་བསྒྲུབ་མི་ལུ་བརྟེན་ཨིནམ་ད་ འཛུལ་སྒོ་དང་ ཕྱི་མི་ནང་སྐྱོད་ དེ་ལས་ ཅ་དམ་ལ་སོགས་པའི་ མཐུན་རྐྱེན་ཚུ་ བསྒྲུབ་ནིའི་དོན་ལུ་ ཤུལ་མའི་ ལོ་༥ འི་འཆར་གཞི་ནང་ གཞུང་ལས་མ་དངུལ་ཚུ་ འཐོབ་ཚུགས་ཟེར་ཨིན་པས།
དེ་འབདཝ་ད་ འཕུར་འགྲུལ་གྱི་ཞབས་ཏོག་ཚུ་ དགོས་མཁོ་དང་བསྟུན་ བྱིན་ཚུགས་ནི་ཨིནམ་ད་ ད་ཚུན་ གནམ་ཐང་དེ་ནང་ གནམ་གྲུ་ཚར་༢ ཆགས་ཡོདཔ་ད་ འགོ་དང་པ་དེ་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ཆགས་མི་ འགོ་འབྱེད་ཀྱི་གནམ་གྲུ་དེ་ཨིནམ་ད་ དེ་གི་ཤུལ་ལས་ དུས་ཅི་སྤྱི་ཟླ་༢ པའི་ནང་ ལཱ་གཡོག་འགྲེམས་སྟོན་གྱི་དོན་ལུ་ གཞུང་གིས་ མཁོ་མངགས་འབད་མི་དེ་ཨིན་པས།
 ད་ལྟོ་ གནམ་ཐང་གི་དོན་ལུ་ ཚོང་འབྲེལ་ཞིབ་དཔྱད་ཡང་ མ་འབད་བར་ཡོདཔ་ད་ བུམ་ཐང་དང་ ཡོན་ཕུ་ལ་ལུ་ ནང་འཁོད་གནམ་ཐང་ཚུ་ནང་ རྒྱུན་འགྲུལ་འཐབ་མི་ ཚོང་མགྲོན་པའི་གྱངས་ཁ་དེ་ ཡར་སེང་འགྱོ་མི་ལུ་བརྟེན་ ཚར་གཅིག་ རྒྱལ་སྤྱིའི་གནམ་ཐང་སྦེ་བཟོ་ནིའི་འཆར་གཞི་ཡོད་མི་ དགེ་ལེགས་ཕུག་གནམ་གྲུའི་ཞབས་ཏོག་དོན་ལུ་ ཚོང་མགྲོན་པ་ཚུ་ ཚད་དང་ལྡནམ་སྦེ་འོང་ཟེར་ མཁའ་འགྲུལ་འགོ་དཔོན་ཚུ་གིས་ རེ་བ་བསྐྱེད་དོ་ཡོདཔ་ ཨིན་པའི་གནས་ཚུལ།  

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ། 

No comments:

Post a Comment