གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་གླིང་མཁར་དང་ ངར་པཱོན་སྟངས་སྤྱི་འོག་ནང་ འཕྲལ་མགྱོགས་ར་ གློག་མེ་བཀྲམ་སྤེལ་འབད་ནི།

༥/༦/༢༠༡༣   ༉ མོང་སྒར་རྫོང་ཁག་ ཐང་རོང་རྒེད་འོག་ གླིང་མཁར་དང་ ངར་པཱོན་སྟངས་སྤྱི་འོག་ལས་ ཁྱིམ་གུང་པ་༡༠༠ ལྷགཔ་ཅིག་གི་མི་སེར་ཚུ་ ད་རེས་ནངས་པ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ སྤྱི་འོག་དེ་ནང་ བདུན་ཕྲག་༢ དེ་ཅིག་གི་རྒྱབ་ལས་ གློག་མེའི་ཞབས་ཏོག་ལྷོད་ཚུགས་ནི་ཨིན་མི་ལུ་བརྟེན་ཨིན་པས།
འཕྲལ་མགྱོགས་ར་ གློག་མེའི་ཞབས་ཏོག་ལྷོད་ནི་ཨིན་མི་ མོང་སྒར་གླིང་མཁར་དང་ ངར་པཱོན་སྟངས་སྤྱི་འོག་གི་མཐོང་སྣང་།


སྤྱི་འོག་༢ ནང་ གློག་མེ་གི་ལཱ་དེ་ཡང་ ན་ཧིང་ སྤྱི་ཟླ་༢ དེ་ཅིག་ལས་ འགོ་བཙུགས་ཡོདཔ་ལས་ གློག་མེའི་ཞབས་ཏོག་དེ་ འདས་པའི་ཟླ་མཇུག་ཁམས་ཅིག་ལུ་ ཞབས་ཏོག་སྤྲོད་ཐབས་འབད་ཡོད་རུང་ གློག་ཤུགས་ཚད་སྤེལ་འཕྲུལ་ཆས་ ཊཱནསི་ཕོར་མར་མེདཔ་ཐལ་ཡོདཔ་ལས་བརྟེན་ ལོག་གསརཔ་བཙུགས་འབད་དགོཔ་ཐོན་ཡོདཔ་ལས་ སྟབས་མ་བདེཝ་ཐོན་ཡོདཔ་ད་ ཨིན་རུང་ འཕྲལ་མགྱོགས་ར་ བཀྲམ་སྤེལ་འབད་ཚུགས་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཐང་རོང་རྒེད་འོག་ནང་ ཁྱིམ་གུང་པ་༣༤༦ ལྷགཔ་ཅིག་ཡོད་པའི་གྲས་ལས་ སྤང་ལེམ་བའུ་ཆོས་གླིང་སྤྱི་འོག་དང་ ལྕང་ཤིང་དགོན་པ་སྤྱི་འོག་༢ ནང་ འདས་པའི་ལོ་དག་པ་ཅིག་ལུ་ གློག་མེ་ལྷོད་ཡོད་རུང་ གླིང་མཁར་དང་ ངར་པཱོན་སྟངས་ སྤྱི་འོག་གློག་མེ་ཞབས་ཏོག་མེདཔ་ལས་ མི་སེར་ཚུ་ དཀའཝ་སྤྱད་དོ་ཡོདཔ་ད་ ཨར་ཏོ་ལ་སྤྱི་འོག་ནང་ གློག་མེ་བཀྲམ་སྤེལ་གྱི་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
སྤྱི་འོག་༢ ཀྱི་མི་སེར་ཚུ་གིས་ སླབ་མིའི་ནང་ གློག་མེའི་ཞབས་ཏོག་ལུ་བརྟེན་ མི་སེར་ཚུ་ལུ་ སྟབས་བདེ་སྡུག་འབྱུང་ནི་མས་ཟེར་ཨིནམ་ད་ ད་རེས་ནངས་པ་ གློག་མེ་མེད་པའི་བསྒང་ལས་ ཐབ་ཤིང་ལས་བརྟེན་ རང་བཞིན་གནས་སྟངས་ལུ་ གནོད་དོ་ཡོདཔ་མ་ཚད་ གཟུགས་ཁམས་འཕྲོད་བསྟེན་ལུ་ཡང་ གནོད་དོ་ཡོདཔ་ལས་ ད་ལས་ཕར་ ཕན་པ་སྦོམ་འབྱུང་ནི་མས་ཟེར་ཨིན་པས།
གླིང་མཁར་ལས་ ཨ་ལུ་༦ གི་ཨ་པ་ ཚུལ་ཁྲིམས་ཀྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ གཡུས་ཚན་དེ་ཡང་ གློག་མེ་གི་ཞབས་ཏོག་མེདཔ་ལས་བརྟེན་ ཁོ་རའི་མི་ཚེ་ནང་ དྲོ་པ་ཧ་སག་ལོང་སྟེ་ ཐབ་ཤིང་ལེན་པར་འགྱོ་ནི་ཡོད་མི་དེ་ ད་ལས་ཕར་ འགྱོ་མ་དགོ་པར་ མི་ཚེ་ནང་ ངལ་གསོ་བཟུམ་ཅིག་གི་ དུས་ཡང་ཤར་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ གློག་མེ་གི་ཞབས་ཏོག་དེ་ ཁོ་རའི་མི་ཚེ་ནང་ ལྷོད་ཚུགས་ནི་ཕར་བཞག་ ཐ་ན་ ཁོ་རའི་བུ་གཞི་གི་སྐབས་ལུ་ཡང་ ལྷོད་མི་ཚུགསཔ་འོང་ཟེར་བའི་ མནོ་བསམ་བཏང་ཡི་ཟེར་ཨིནམ་ད་ ཨིན་རུང་ ད་ལས་ཕར་ ཁོ་བཟུམ་སྦེ་ བུ་གཞི་ཚུ་ དཀའཝ་སྤྱད་མི་དགོ་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
གླིང་མཁར་དང་ ངར་པཱོན་སྟངས་གཡུས་ཚན་ལས་ བསོད་ནམས་ཆོས་སྒྲོན་དང་ སངས་རྒྱས་ཀྱིས་ ཁོང་རའི་གཡུས་ཚན་ནང་ གློག་མེ་གི་ཞབས་ཏོག་ལྷོད་དོ་ཡོདཔ་ལས་བརྟེན་ ལྟོ་འབད་ནི་གི་ཅ་ཆས་ རཱསི་ཀུ་ཀར་ལ་སོགས་པ་ཚུ་ཡང་ ཉོ་བཞག་སྟེ་ཡོད་ཟེར་ཨིན་པས།
ཁོང་༢ ཀྱིས་ སླབ་མིའི་ནང་ ད་ལས་ཕར་ གློག་མེའི་ཞབས་ཏོག་ལུ་བརྟེན་ མི་སེར་ཚུ་ལུ་ ཕན་ཐོག་འབྱུང་ནི་ཨིནམ་མ་ཚད་ སློབ་གྲྭའི་ཨ་ལུ་ཚུ་ལུ་ཡང་ ཕན་ཐོགས་སྦོམ་འབྱུང་ཚུགས་ཟེར་ཨིནམ་ད་ དེ་ཡང་ ད་རེས་ནངས་པ་ གློག་མེ་མེད་པའི་བསྒང་ལས་ ཨ་ལུ་ཚུ་ བདུན་ཕྲག་ཨ་རྟག་ར་ ཐབ་ཤིང་འཐུ་བར་འགྱོ་དགོཔ་ལས་བརྟེན་ དཔེ་ཆ་ལྷབ་ནི་ལུ་ བར་ཆད་བྱུང་སྟེ་ཡོད་ཟེར་ཨིན་པས།
ཨར་ཏོ་ལ་གཡུས་ཚན་ལས་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ ད་རེས་ནངས་པ་ གློག་མེ་གི་ལཱ་འབད་བའི་བསྒང་ཡོདཔ་ལས་ གློག་མེ་གི་ཞབས་ཏོག་ལུ་བརྟེན་ རང་བཞིན་གནས་སྟངས་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་མས་ཟེར་ཨིནམ་ད་ གློག་མེའི་ཞབས་ཏོག་ལུ་བརྟེན་ ད་ལྟོ་ཚུན་ ཞི་གཡོགཔ་ཚུ་ལུ་ སྟབས་མ་བདེཝ་ཐོན་མི་ཚུ་ཡང་ བསལ་ཚུགས་ཟེར་ཨིན་པས།
དཀར་ཅུང་གིས་ སླབ་མིའི་ནང་ གློག་མེའི་ཞབས་ཏོག་ལུ་བརྟེན་ མི་ཚེའི་གནས་སྟངས་ཡང་ ལེགས་འགྱུར་འགྱོ་ནི་ཨིནམ་ལས་ ཧེ་མ་འབད་བ་ཅིན་ གཡུས་ཚན་ནང་ ནཝ་ཚཝ་འབྱུང་བའི་སྐབས་ལུ་ ས་མར་ཁུ་ཉོ་བར་ མོང་སྒར་ལུ་འགྱོ་དགོཔ་མ་ཚད་ མེད་པའི་བསྒང་ལས་ སྟབས་མ་བདེཝ་སྦོམ་འཐོན་ནི་ཡོདཔ་ལས་ གཡུས་མི་ཚུ་ཡང་ མེ་བཏེག་ནིའི་དོན་ལུ་ ཐང་ཆུ་ཤིང་གི་ མེ་ཕྱེ་འཚོལ་བར་འགྱོ་དགོཔ་ལས་ དཀའཝ་སྤྱད་ནི་ཡོད་ཟེར་ཨིནམ་ལས་ ད་ལས་ཕར་ དཀའཝ་སྤྱད་མི་དགོ་ནི་མས་ཟེར་ཨིན་པས།
ས་ཁོངས་ཀྱི་ བཟོ་རིག་འགོ་དཔོན་ པདྨ་རིག་འཛིན་གྱིས་ སླབ་མིའི་ནང་ སྤྱི་འོག་༢ ནང་ གློག་མེ་གི་ཞབས་ཏོག་དེ་ བདུན་ཕྲག་༢ ཀྱི་རྒྱབ་ལས་ ཕུལ་ཚུགས་ཟེར་ཨིནམ་ད་ དེ་ཡང་ མ་གཞི་ སྤྱི་འོག་༢ ནང་ གློག་མེ་ཞབས་ཏོག་དེ་ འདས་པའི་ཟླ་མཇུག་ཁམས་ལུ་སྤྲོད་ཚུགས་ནི་ཨིན་རུང་ གློག་མེ་ཚད་སྤེལ་འཕྲུལ་ཆས་མེདཔ་ཐལ་ཡོདཔ་ལས་ ལོག་སོར་དགོཔ་ཐོན་ཡི་ཟེར་ཨིནམ་ད་ དེ་འབདཝ་ལས་ སྟབས་མ་བདེཝ་དུམ་གྲ་ཅིག་ ཐོན་ཡི་ཟེར་ཨིན་པས།
སྤྱི་འོག་༢ ནང་ གློག་མེ་ཀྱི་ཞབས་ཏོག་སྤྲོད་ནིའི་ དོན་ལུ་ གློག་མེ་གི་ལཱ་དེ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ལས་ དངུལ་ཀྲམ་ས་ཡ་༥.༦༨ གྲོགས་རམ་ལེན་ཏེ་ ན་ཧིང་ལས་ ལཱ་འགོ་བཙུགས་ཡོདཔ་ཨིན་པས།
ཨིན་རུང་ རྒེད་འོག་དེ་ནང་ སྤྱི་འོག་༥ ཡོད་པའི་གྲས་ལས་ གློག་མེ་གི་ ཞབས་ཏོག་མཇུག་དེ་ར་ ཨ་ཏོ་ལ་སྤྱི་འོག་གིས་ མཇུག་བསྡུ་ནི་ཨིནམ་ལས་ སྤྱི་འོག་དེ་ནང་ གློག་མེ་གི་ལཱ་ཚུ་ཡང་ ད་རེས་ནངས་པ་ འབད་བའི་བསྒང་ཡོདཔ་ད་ མི་སེར་ཚུ་ཡང་ གློག་མེ་གི་ཞབས་ཏོག་ལུ་བརྟེན་ སེམས་དགའ་ཡོད་པའི་རྟགས་མཚན་དེ་ཡང་ སྦུང་འགུལ་གྱི་ལཱ་ཚུ་ མི་སེར་ཚུ་གིས་ འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment