གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱིར་དབང་ཚོགས་པ་ ཕམ་དགོ་པའི་གནད་ཁུངས།

༥/༦/༢༠༡༣   ༉ འགོ་ཐོག་བཙག་འཐུ་ནང་ལས་ ཚོགས་རྒྱན་ཉུང་ཤོས་ཐོབ་མི་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་པའི་འཛོམས་འདུ་མཇུག་ འགོ་འདྲེན་འཐབ་པའི་སྐབས་ གཙོ་འཛིན་ལི་ལི་དབང་ཕྱུག་གིས་ མཐའ་ཟུར་གཡུས་སྒོ་ཚུ་ནང་ལས་ཕར་ ཚོགས་པའི་སྐོར་ལས་ མ་བདེན་པའི་ཐོར་གཏམ་ཚུ་ དར་ཁྱབ་སོང་ཡོདཔ་ལས་ ཚོགས་པ་ལུ་ གནོད་པ་སྦོམ་བྱུང་ཡི་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་དང་ འཐུས་མི་ཚུ་གིས་ གནས་ཚུལ་ཞལ་འཛོམས་མཇུག་ཚོགས་པའི་བསྒང་།


མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོགས་པ་གཞན་གྱི་ གཡུས་སྒོ་ནང་ཡོད་མིའི་ ཚོགས་པ་ཚུ་གིས་ ཚོགས་རྒྱན་གྱི་ཉིནམ་ཅིག་གི་ཧེ་མར་ གཡུས་སྒོ་ནང་ལས་ཕར་ འབྲུག་སྤྱིར་དབང་ཚོགས་པ་དེ་ ཡེ་ཤུ་པའི་ཆོས་ལུགས་འབད་མི་ སྡེ་ཚན་ཚུ་གིས་ གཞི་བཙུགས་འབད་བའི་ཁར་ ཡེ་ཤུཔ་ཚུ་གིས་ མ་དངུལ་རྒྱབ་སྐྱོར་འབད་དེ་ཡོདཔ་སྦེ་ དར་ཁྱབ་སོང་ནུག་ཟེར་ཨིན་པས།
མོ་གིས་ དེ་ཚུ་ག་ར་ མི་བདེན་ཟེར་ཨིནམ་ད་ དེ་བཟུམ་མའི་ཐོར་གཏམ་གྱིས་སྦེ་ ཚོགས་པ་ལུ་ གནོད་སྐྱོན་སྦོམ་རྐྱབ་ཡོདཔ་མ་ཚད་ མོ་གིས་ གྲོས་འཛོམས་ཚུ་ནང་ མོ་རའི་ནད་གཞི་གི་སྐོར་ལས་ བཤད་ཡོད་མི་དེ་ཡང་ མི་སེར་ཚུ་གིས་ སྐྱོན་བརྗོད་འབད་ཡོདཔ་ལས་ མོ་གིས་འབད་བ་ཅིན་ དེ་བཟུམ་སྦེ་བཤད་དགོ་མི་དེ་ གཙོ་བོ་ར་ མི་སེར་ཚུ་ལུ་ ཚོགས་པ་དེ་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ གཞི་བཙུགས་འབད་ཡོད་པའི་སྐོར་ ཡིད་ཆེས་བསྐྱེད་བཅུག་ཐབས་ལུ་ འབད་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ མ་འོངས་པའི་དོན་ལུ་ ཚོགས་པ་གིས་ དོ་འགྲན་འབད་བའི་སྐབས་ གནོད་སྐྱོན་མི་བྱུང་ནི་གི་དོན་ལུ་ དོགས་སེལ་འབད་དགོཔ་བྱུང་ཡི་ཟེར་ཨིནམ་ད་ ཚོགས་པ་གིས་ ཚོགས་རྒྱན་བརྒྱ་ཆ་༥ ལྷགཔ་ཅིག་ལས་ མ་ཐོབ་སྟེ་འབད་རུང་ སྤྱི་ལོ་༢༠༡༨ ནང་ ལོག་འོང་ནི་གི་དོན་ལུ་ གྲ་སྒྲིག་འབད་འོང་ཟེར་ཨིན་པས།
ལི་ལི་དབང་ཕྱུག་གིས་ མོ་ར་ ཡེ་ཤུ་པའི་ཆོས་ལུགས་ནང་ འཛུལ་བའི་ཤུལ་ལས་ ནད་གཞི་དྲག་སྟེ་ ཚོགས་པ་དེ་ཡང་ ཡེ་ཤུ་པའི་སྡེ་ཚན་ཚུ་གིས་ རྒྱབ་སྐྱོར་འབད་དེ་འདུག་ཟེར་མི་ཚུ་ རྩ་ལས་ར་བདེན་ཁུངས་མེད་པའི་ ཐོར་གཏམ་ཨིན་ཟེར་ཨིན་པའི་ཁར་ ཚོགས་པ་དེ་གིས་ ཆོས་ལུགས་ཚུ་ལུ་ དང་འདོད་ཡོད་རུང་ ཆོས་ལུགས་ག་གི་དོན་ལས་ཡང་ ངོ་ཚབ་སྦེ་ མ་ཐོན་ཟེར་ཨིན་པས།
ཚོགས་པ་གིས་ འགོ་ཐོག་བཙག་འཐུའི་ནང་ དོ་འགྲན་ཁས་ལེན་ཡི་གུ་བཙུགས་རན་པའི་སྐབས་ བཱུ་ཊན་ཀུན་མཉམ་པར་ཊི་གི་ མགར་སའི་འདེམས་ངོ་ཅིག་ ཉོ་ཡོད་པའི་སྐོར་ལས་ ཐོར་གཏམ་དར་ཁྱབ་སོང་མི་དེ་ཡང་ མོ་གིས་འབད་བ་ཅིན་ ཚོགས་པ་ལུ་ འདེམས་ངོ་ཏི་རུ་བྱིན་ཏེ་ ཉོ་ཚུགས་པ་ཅིན་ བསྐུལ་བསྒྲགས་འབད་བའི་སྐབས་ མ་དངུལ་གྱི་དཀའ་ངལ་ཡང་ མ་བྱུངམ་འོང་ཟེར་ཨིནམ་ད་ འདེམས་ངོ་ཁོ་ར་གིས་ བཱུ་ཊན་ཀུན་མཉམ་པར་ཊི་ནང་ མགར་སའི་འདེམས་ངོ་ཅིག་ མ་ཚང་པར་ཡོདཔ་ཤེས་ཏེ་ ཁོ་རའི་དང་འདོད་ཐོག་ལས་ མོ་གི་ཚོགས་པ་ནང་ འོང་ཡི་ཟེར་ཨིན་པས།
མགར་ས་རྫོང་ཁག་ནང་ལས་ འདེམས་ངོ་འཐོབ་ནི་དེ་ ལཱ་ཁག་ཡོདཔ་ལས་ མོ་རའི་ཚོགས་པ་གིས་ ཧེ་མ་ལས་ མགར་སའི་དོན་ལུ་ འདེམས་ངོ་ཐེབས་འཚོལ་བཞག་སྟེ་ སྡོད་ཅི་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་ མགར་སའི་འདེམས་ངོ་ཅིག་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཤོར་ཡོད་པའི་ཁར་ བུམ་ཐང་དང་ དར་དཀར་ནང་གི་འདེམས་ངོ་རེ་ བཱུ་ཊན་ཀུན་མཉམ་པར་ཊི་ལུ་དང་ གཞན་མི་འདེམས་ངོ་ཅིག་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཤོར་སོ་ཡི་ཟེར་ཨིན་པས།
མགར་སའི་འདེམས་ངོ་ ཉོ་ནུག་ཟེར་སླབ་མི་དེ་ ད་ལྟོ་ དབྱར་རྩྭ་དགུན་འབུབ་འཐུ་བར་སོང་ཡོད་པའི་ཁར་ ཚོགས་པ་དེ་ ཡེ་ཤུ་པའི་རྒྱབ་སྐྱོར་འབད་ནུག་ཟེར་མི་དེ་ བདེན་པ་ཡོད་པ་ཅིན་ ཚོགས་པ་གིས་ ཚོགས་རྒྱན་༡༢,༠༠༠ ལས་ལྷག་སྟེ་ ཐོབ་ཐོབ་འོང་ཟེར་ཨིན་མི་དེ་ཡང་ ཡེ་ཤུ་པའི་ཆོས་འབད་མི་དེ་ གྱངས་ཁ་དེ་ལས་ལྷག་སྟེ་ ཡོད་ཟེར་ཨིན་པས།
ལི་ལི་དབང་ཕྱུག་གིས་ ཐོར་གཏམ་དེ་གིས་ ཚོགས་པ་ལུ་གནོད་པའི་ཁར་ བཙག་འཐུའི་སྐབས་ ཕན་པ་དང་གནོད་པ་གཉིས་ཆ་ར་ འདུག་ཟེར་ཨིནམ་ད་ མོ་རའི་ཚོགས་པ་གིས་ བཅའ་ཁྲིམས་ཚུ་དང་འཁྲིལ་ཏེ་མ་གཏོགས་ ལཱ་གཞན་མ་འབདཝ་ལས་ ཚོགས་པའི་སྐོར་ལས་ ཉོགས་བཤད་ཕུད་རྡོག་ཅིག་ཡང་ མ་ཐོན་ཟེར་ཨིན་པས།
ཚོགས་པ་དེ་ ཕམ་ཡོད་རུང་ ད་ལྟོའི་བཙག་འཐུ་ནང་ལས་ སྦྱང་བ་ཐོབ་ཡོདཔ་ལས་ ཤུལ་ལས་ཀྱི་དོན་ལུ་ ཚོགས་པ་རྒྱུན་སྐྱོང་བཞག་ནི་དང་ རྒྱབ་སྐྱོར་པ་ཚུ་དང་ འབྲེལ་བ་བཞག་ནི་གི་དོན་ལུ་ ལཱ་འབད་ནི་ཟེར་ཨིན་པས།
ཚོགས་པ་གིས་ དུས་ཡུན་ཐུང་ཀུ་ཅིག་ནང་ བསྐུལ་བསྒྲགས་འབད་ཚུགས་ཡོད་རུང་ གཡུས་སྒོ་ནང་སྡོད་མི་ཚུ་གིས་ ཚོགས་པའི་ སྲིད་བྱུས་དང་འབྲེལ་བའི་གནད་དོན་སྐོར་ལས་ བསྐུལ་བསྒྲགས་འབད་མི་ལུ་ རྒྱབ་སྐྱོར་མ་འབད་བས་ཟེར་ཨིནམ་ད་ གཡུས་མི་ཚུ་གིས་ ཐད་ཀར་ལུ་ གོང་འཕེལ་དང་འབྲེལ་བའི་ ཁས་བླངས་འབད་བ་ཅིན་ རྒྱབ་སྐྱོར་འབད་ནི་མས་ཟེར་ཨིན་པས།
མོ་རའི་ཚོགས་པ་ནང་ འདེམས་ངོ་༡༥ ཨམ་སྲུ་ཡོད་པའི་ཁར་ མང་ཤོས་ཅིག་ ན་གཞོན་ཚུ་ཡོད་རུང་ ཁོང་ལུ་ གོ་སྐབས་མ་བྱིན་པ་ཅིན་ ན་གཞོན་གྱི་དཀའ་ངལ་ཚུ་ ག་དེ་སྦེ་ ཤེས་ཚུགས་ནི་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment