གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་དོང་ནང་ བཀོག་བཞག་མི་ཨ་ལུ་ མི་རྩིས་རྐྱབ་ནིའི་དོན་ལུ་ སྒུག་སྟེ་ཡོདཔ།

༡༩/༦/༢༠༡༣   ༉ བཀྲིས་གཡང་རྩེ་ སྟོད་ཚོ་རྒེད་འོག་ནང་ སྐྱེས་ལོ་༢༣ ལང་མི་ ཨམ་སྲུ་ཅིག་གིས་ ཨ་ལུ་སྐྱེས་ཚར་བའི་ཤུལ་ལུ་ ས་དོང་ནང་ བཀོག་བཞག་མི་དེ་ ད་ལྟོ་ཡང་ མི་རྩིས་རྐྱབ་ནིའི་དོན་ལུ་ སྒུག་སྟེ་ཡོདཔ་ཨིན་པས།


སྤྱི་ལོ་༢༠༡༡ ཟླ་༨ པའི་ཚེས་༡༣ ལུ་ ཨམ་སྲུ་དེ་ བཙན་མཁར་ལ་སློབ་གྲྭ་ནང་ སློབ་ཕྲུག་སྦེ་ སྡོད་པའི་སྐབས་ལུ་ ཕོཝ་ནང་ ཨ་ལུ་ཆགས་ཡོདཔ་བཞིན་དུ་ ས་གནས་དི་ལི་གཤམ་ཟེར་ས་ལུ་ལྷོདཔ་ད་ ཨ་ལུ་སྐྱེས་ཡོདཔ་ལས་ མོ་ར་དང་ མོ་རའི་ཨའི་གིས་ དེ་འཕྲོ་ལས་ ཨ་ལུ་རྨས་སྐྱེས་དེ་ ས་དོང་ནང་ བཀོག་བཞག་ཡོདཔ་ཨིན་པས།
དེ་ཚེ་ ས་གནས་ནང་ ལཱ་འབད་བར་འགྱོ་མི་ ཕོ་སྐྱེས་༦ གིས་ ཨ་ལུ་རྨས་སྐྱེས་ཀྱི་ རྔུ་སྐད་གོ་བའི་ཤུལ་ལས་ བལྟ་བར་འགྱོཝ་ད་ ཨ་ལུ་དེ་ ས་གིས་སྤུབས་བཞག་ཡོདཔ་ མཐོང་ཡོདཔ་ད་ ཁོང་གིས་ དེ་འཕྲོ་ལས་ འཐུ་འབག་སྟེ་ སྟོད་ཚོ་རྒཔོ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
སྟོད་ཚོ་རྒཔོ་བདེ་ཆེན་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཨ་ལུ་དེ་ འབག་འོང་པའི་སྐབས་ལུ་ གྱོག་མོ་ཚུ་གིས་ ལྟག་ལྐོག་དང་ རྐངམ་ཚུ་ བཟའ་ནུག་ཟེར་ཨིནམ་ད་ ཨ་ལུ་དེ་ དེ་འཕྲོ་ལས་ གཞི་རྟེན་སྨན་ཁང་ནང་ འབག་སྟེ་ བདུན་ཕྲག་༡ གི་རིང་ སྨན་བཅོས་འབད་དེ་ བཞག་ཅི་ཟེར་ཨིན་པས།
བཀྲིས་གཡང་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༦ པའི་ཚེས་༥ ལུ་ ཨ་ལུའི་ཨའི་དེ་ལུ་ བཙོན་ཁྲིམས་ལོ་༡ དང་ ཨ་ལུའི་ཨང་རྒས་ཀྱིས་ བྱ་ངན་ནང་ ཆ་རོགས་འབད་མི་ལུ་བརྟེན་ ཁྲིམས་ཟླཝ་༦ བཀལ་ཡོདཔ་ཨིན་པས།
ཨམ་སྲུ་དེ་གིས་ ཨ་ལུ་དེ་ མོ་གི་མེན་ཟེར་ ཁ་བཟེད་མ་བཏུབ་རུང་ མོ་རའི་ ཆ་རོགས་ཀུན་བཟང་དབང་མོ་དང་ རྣམ་རྒྱལ་དབང་མོ་གིས་ ཟླ་བ་སྒྲོལ་མའི་གཟུགས་དེ་ ཧེ་མ་དང་ཕྱདཔ་ད་ དུམ་གྲ་ཅིག་ སྦོམ་སུ་སྦེ་མཐོང་ཡོདཔ་མ་ཚད་ རྩོད་ཟླ་མོ་ར་ ཟླ་ཁྲག་མ་འོང་པར་ ཟླཝ་༥ ལང་པའི་ ལོ་རྒྱུས་ཚུ་ བཤད་ཡོདཔ་ལས་ ཨ་ལུ་ཆགས་པའི་ དོགས་པ་ཟ་ཡི་ཟེར་ཨིན་པས།
དེ་ལས་ སྤྱི་ལོ་༢༠༡༡ ལུ་ གཡང་རྩེ་སྨན་ཁང་ནང་ དྲུང་འཚོ་གིས་ བརྟག་དཔྱད་འབདཝ་ད་ཡང་ ཨ་ལུ་དེ་ མོ་གི་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
མོ་གིས་ ཨ་ལུ་དེ་ མོ་གི་ཨིནམ་ ཁ་བཟེད་མ་བཏུབ་མི་ལུ་བརྟེན་ རྒྱ་གར་ལུ་ མཚན་རིག་བརྟག་དཔྱད་འབད་ཡོདཔ་བཞིན་དུ་ བརྟག་དཔྱད་ཀྱི་ གྲུབ་འབྲས་དང་འཁྲིལཝ་ད་ མོ་གི་ཨ་ལུ་ཨིན་པའི་ ངེས་བདེན་གྲུབ་འབྲས་ཐོན་ཡོདཔ་ཨིན་པས།
ད་ལྟོ་ ཨ་ལུ་དེ་ ལོ་༡ དང་ཟླཝ་༡༠ ལང་ཡོདཔ་ད་ ཤུལ་མའི་བདུན་ཕྲག་ནང་ ཨ་ལུའི་མི་རྩིས་ཀྱི་དོན་ལུ་ སྐྱིད་སྡུག་ཞུ་ནི་ཨིན་ཟེར་ཨིན་པས།
རྒཔོ་བདེ་ཆེན་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཨ་ལུ་དེ་ ཁོ་རའི་བུ་ཚབ་སྦེ་ གསོ་ནི་འབད་རུང་ མི་རྩིས་མེད་ནི་དེ་གིས་ དཀའ་ངལ་འབྱུང་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
རྒཔོ་ཁོ་ར་ གཉེན་རྐྱབ་སྟེ་ ལོ་ངོ་༡༢ དེ་ཅིག་ལང་ཡོད་རུང་ ཨ་ལུ་ཕུད་རྡོག་༡ ཡང་ མེདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment