གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱོག་འགྱོ་མི་ ཕྱི་ཁའི་ལས་མི་༦ འཛིན་བཟུང།

༡༩/༦/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༡༧ གྱི་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ལུ་ རྟ་ནག་ལུངམ་ལས་ གླ་འཁོར་ཅིག་གིས་ རྒྱ་གར་གྱི་ལས་མི་༦ ཚུལ་མིན་ཐོག་ལས་ ཕུན་ཚོགས་གླིང་ལུ་ འབག་འགྱོ་བའི་ལམ་ཁར་ འཛིན་བཟུང་འབད་ཡོདཔ་ད་ དེད་གཡོགཔ་དེ་གིས་ ལས་མི་དེ་ཚུ་ ཨེ་མའི་དོས་ཀྱི་འོག་ལུ་ བཙུགས་བཞག་ནུག་ཟེར་ཨིན་པས།


དེ་ཚེ་ཕྱི་རུ་ ཀེ་ཌི་བཟོ་སྐྲུན་ལས་སྡེའི་ ལས་མི་༡༦ བྱོག་སོང་པའི་ ལོ་རྒྱུས་གོ་མི་ལུ་བརྟེན་ བཟོ་སྐྲུན་ལས་སྡེའི་ ལས་བྱེདཔ་ཚུ་ རྟ་ནག་ལུངམ་ལུ་ སྒུག་སྡོདཔ་ད་ གླ་འཁོར་ཅིག་ནང་ལས་ ལས་མི་ཚུ་ཐོན་སར་ མཐོང་ཞིནམ་ལས་ འཛིན་བཟུང་འབད་དེ་ ཁྲིམས་སྲུང་འགག་པའི་ འགེགས་སྲུང་འགོ་དཔོན་ཚུ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
གླ་འཁོར་དེད་གཡོགཔ་དེ་གིས་ ཐབས་ཤེས་བཏོན་ཐོག་ལས་ རྟ་ནག་ལུངམ་གི་ འགེགས་སྲུང་བརྒལ་ཞིནམ་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ས་ཁར་ ཀེ་ཌི་བཟོ་སྐྲུན་ལས་སྡེའི་ ལས་བྱེདཔ་ཚུ་ སྒུག་སྡོད་སར་ལྷོདཔ་ད་ གླ་འཁོར་གྱི་ ཨེ་མའི་དོས་ཀྱི་འོག་ལས་ ལས་མི་༦ ཐོན་སར་ མཐོང་ཡོདཔ་ཨིན་པས།
ཀེ་ཌི་བཟོ་སྐྲུན་ལས་སྡེའི་ཇོ་བདག་ དཀོན་མཆོག་རྡོ་རྗེ་གིས་ སླབ་མིའི་ནང་ གླ་འཁོར་དེ་ནང་ལས་ ལས་མི་ཚུ་ཐོནམ་ད་ ཁོང་གི་ལས་མི་ཚུ་ཨིནམ་འོང་ཟེར་ དོགས་པ་ཆགས་ཡོད་རུང་ ལས་མི་ཚུ་ ཁོང་གི་མེན་པར་ བཟོ་སྐྲུན་ལས་སྡེ་གཞན་ཅིག་གི་ ལས་མི་ཚུ་ཨིན་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
གླ་འཁོར་ནང་ལས་ཐོན་མི་ ལས་མི་ཚུ་ ཐའི་བཟོ་སྐྲུན་ལས་སྡེ་གིས་ སྤུ་ན་ཁ་ལུ་ བཟོ་སྐྲུན་ས་ཁོངས་ཅིག་ནང་ ལཱ་འབད་མི་ཚུ་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
རྟ་ནག་ལུངམ་གི་ འགེགས་སྲུང་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གླ་འཁོར་དེད་གཡོགཔ་དེ་གིས་ ལས་མི་༦ སྣུམ་འཁོར་ཆུང་ཀུ་ཅིག་ནང་ ཨེ་མའི་དོས་ཀྱི་འོག་ལུ་ བཙུགས་བཞག་ནུག་ཟེར་ཨིནམ་ད་ འགེགས་སྲུང་ནང་ལྷོདཔ་ད་ བཀག་ཞིནམ་ལས་ ལྟ་ཞིབ་འབད་རུང་ ཨེ་མའི་དོས་ཀྱི་འོག་ལུ་ ལས་མི་ཚུ་བཙུགས་བཞག་པའི་ དོགས་པ་མ་ཟ་ཟེར་ཨིན་པས།
དཀོན་མཆོག་རྡོ་རྗེ་དང་ ཁོ་གི་མི་ངོ་ཚུ་ དེ་ཚེ་ཕྱི་རུ་ ལས་མི་༡༦ སྣུམ་འཁོར་བོ་ལི་རེ་༢ ནང་ སྤ་རོ་ལས་ བྱོག་འགྱོ་སར་ མཐོང་ཡོད་པའི་ སྙན་ཞུ་ཐོབ་མི་ལུ་བརྟེན་ སྣུམ་འཁོར་དེ་ཚུ་བདའ་སྟེ་ རྟ་ནག་ལུངམ་ལུ་ལྷོདཔ་ད་ སྣུམ་འཁོར་༢ འགེགས་སྲུང་བརྒལ་ཏེ་ མ་སོངམ་ལས་ ལམ་ཁར་སྒུག་སྡོད་ཡོདཔ་ཨིན་པས།
ལས་མི་༦ འབག་མི་ གླ་འཁོར་དེ་ལུ་ འགེགས་སྲུང་འགོ་དཔོན་ཚུ་གིས་ སྣུམ་འཁོར་བོ་ལི་རོ་དང་ ལས་མི་དེ་ཚུ་ ལམ་བདའ་སྟེ་ མཐོང་མ་མཐོང་གི་ དྲི་ཞིབ་འབད་བའི་སྐབས་ སྐྱབས་ཆའི་འོག་ལུ་ སྡོད་ནུག་ཟེར་ སླབ་ཡོད་རུང་ ལོག་བལྟ་བར་འགྱོཝ་ད་ ག་སྟེ་ཡང་ མིན་འདུག་ཟེར་ཨིན་པས།
དཀོན་མཆོག་རྡེ་རྗེ་གིས་འབད་བ་ཅིན་ གླ་འཁོར་དེད་གཡོག་དེ་གིས་ བོ་ལི་རོ་གི་ དེད་གཡོགཔ་ཚུ་ལུ་ སྙན་ཞུ་འབད་འབདཝ་འོང་ནི་མས་ཟེར་ དོགས་པ་ཆགས་ཡོདཔ་ཨིན་པས།
གླ་འཁོར་དེད་གཡོགཔ་དེ་གིས་ ཚུལ་མིན་ཐོག་ལས་ ཕྱི་ཁའི་ལས་མི་ སྐྱེལ་འདྲེན་འབད་བའི་ཉེས་བྱ་ མི་རེ་ལུ་ དངུལ་ཀྲམ་༡༦༥༠ བཀལཝ་ད་ ཡོངས་བསྡོམས་དངུལ་ཀྲམ་༩༩༠༠ ལེན་ཞིནམ་ལས་ ལོག་བཏང་ཡོདཔ་ཨིན་པས།
ལས་མི་ཚུ་ ཁོང་རའི་ ཇོ་བདག་འོང་སྟེ་ ངོས་འཛིན་འབད་བའི་ཤུལ་ལས་ ལོག་བཏང་ཡོདཔ་ད་ ལས་མི་ཚུ་གིས་ གླ་འཁོར་དེ་ལུ་ གླ་ཆ་བསྡོམས་དངུལ་ཀྲམ་༨༠༠༠ དེ་ཅིག་ སྤྲོད་ནུག་ཟེར་ཨིན་པས།
དེ་འབདཝ་ད་ དཀོན་མཆོག་རྡོ་རྗེ་གི་ ལས་མི་བྱོག་སོང་མི་ཚུ་ འཚོལ་མ་ཐོབ་ལས་ ཁ་ཙ་ཕྱི་རུ་ཡང་ འགེགས་སྲུང་ས་ཁོངས་ནང་ བསྒུགས་ཏེ་ སྡོད་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ ལས་མི་༢༧ དང་ སྤྱི་ཟླ་༦ པའི་ཚེས་༡༠ ལུ་ ལས་མི་༡༠ དེ་ལས་ ཁ་ཙ་ ལས་མི་༡༦ བྱོག་སོང་ཡོདཔ་ལས་ ཡོངས་བསྡོམས་དངུལ་ཀྲམ་༦༠༠,༠༠༠ ལྷགཔ་ཅིག་ གྱོང་རྒུད་ཕོག་སྟེ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment