གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡག་སྒང་ལྷ་ཁང་གི་ནང་རྟེན་ཚུ་ མི་མང་ལུ་ མཇལ་ཁ་གནང་ཡོདཔ།

༡༩/༦/༢༠༡༣   ༉ རང་ཟླ་༥ པའི་ཚེས་༡༠ སྤྲེལ་ཟླ་ཚེས་བཅུ་ཟེར་ སྤྱིར་ནང་པ་སངས་རྒྱས་པ་གཞན་ལས་ ལྷག་པའི་བཀའ་དྲིན་ཅན་གྱི་བདག་ཉིད་ དུས་ངན་སྙིགས་མ་ལྔ་བདོའི་ སྐྱབས་གནས་བླ་ན་མེད་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་ཅིག་ཨིནམ་ལས་ ཁ་ཙ་ མོང་སྒར་ཁྲོམ་ཁར་སྡོད་མི་ དད་ཅན་སྐྱ་སེར་ཕོ་མོ་ཚུ་གིས་ ཉིནམ་དེ་ མོང་སྒར་ཡག་སྒང་ལྷ་ཁང་གི་ནང་རྟེན་ རྩ་ཅན་ཚུ་ མཇལ་ཁ་ཞུ་ནིའི་ གོ་སྐབས་ཐོབ་ཡོདཔ་ལས་བརྟེན་ བསམ་པ་རྫོགས་ཡོདཔ་ཨིན་པས།
མི་མང་ལུ་ མཇལ་ཁ་གནང་མི་ ནང་རྟེན་བྱིན་ཅན་ཚུ།


དེ་ཡང་ ཡག་སྒང་ལྷ་ཁང་དེ་ གཏེར་སྟོན་པདྨ་གླིང་པའི་གདན་ས་རྩ་ཅན་ཅིག་ཨིནམ་ལས་ ལྷ་ཁང་ནང་གི་ནང་རྟེན་གཙོ་ཅན་ཚུ་ཡང་ ལོ་བསྟར་བཞིན་དུ་ རང་ཟླ་༥ པའི་ཚེས་༡༠  སྤྲེལ་ཟླ་ཚེས་བཅུའི་ཉིནམ་ལུ་ ཆད་ལྷག་མེད་པར་ དད་ཅན་གྱི་སྐྱ་སེར་ སྤུངས་འཛོམས་འབད་མི་ཚུ་ལུ་ མཇལ་ཁ་གནང་དོ་ཡོདཔ་ལས་ དུས་ཅི་ཡང་ ནང་རྟེན་ཚུ་ མི་མང་གིས་ མཇལ་ཁ་ཞུ་ནིའི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
ནང་རྟེན་རྩ་ཅན་མཇལ་ཁ་གནང་མི་དེ་ཡང་ མི་སེར་ཚུ་གིས་ རྟེན་ཚུ་ལུ་ སྨོན་ལམ་བཏབ་ཐོག་ལས་ རྒྱལ་ཁབ་ནང་ ནད་མུག་འཁྲུགས་རྩོད་ཚུ་ཞི་སྟེ་ བདེ་ཞིང་སྐྱིད་པའི་ངང་ལུ་ གནས་ཐབས་དང་ ལྷག་པར་དུ་ སྙིགས་མ་ལྔ་བདོའི་དུས་ཀྱི་ སེམས་ཅན་ཚུ་ ནང་རྟེན་མཇལ་བ་ཙམ་གྱིས་ ཁམས་གསུམ་འཁོར་བ་ལས་གྲོལ་ཏེ་ གནས་སྐབས་ལྷ་དང་མིའི་གོ་འཕང་དང་ མཐར་ཐུག་ ངེས་པར་ལེགས་པ་ སངས་རྒྱས་ཀྱི་གོ་འཕང་ལུ་ སྐྱེས་ཚུགས་པའི་ ནུས་པ་བསམ་གྱིས་ མ་ཁྱབ་ཅིག་ཡོད་མི་ལུ་བརྟེན་ཨིན་པས།
མི་མང་ལུ་ ལོ་བསྟར་བཞིན་དུ་ མཇལ་ཁ་གནང་སྲོལ་ཡོད་པའི་ ནང་རྟེན་རྩ་ཅན་ཚུ་ཡང་ གཏེར་སྟོན་པདྨ་གླིང་པ་གིས་ བུམ་ཐང་ སྟང་ མེ་འབར་མཚོ་ལས་ གཏེར་ལུ་བཞེས་ཡོད་པའི་ སྟོན་པའི་སྐུ་འདྲ་དང་ པདྨ་གླིང་པའི་ཕྱག་བཟོ་ཕུར་པ་ གནམ་མཁའི་དབྱིངས་ལས་འཕུར་བྱོན་པའི་ སྤྱན་རས་གཟིགས་ཀྱི་སྐུ་འདྲ་ པད་གླིང་བླ་བརྒྱུད་ཚུ་གི་གསུང་གའུ་ བྱམས་མགོན་གྱི་སྐུ་འདྲ་ རྗེ་བཙུན་སྒྲོལ་མའི་སྐུ་འདྲ་ སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་འདྲ་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་ ལྗགས་ཚིལ་གྱི་རིང་བསྲེལ་ ཨ་ཞེ་སྣང་སའི་རིང་བསྲེལ་ རྟ་མཆོག་བྷ་ལ་ཧའི་མཆེཝ་ཆ་གཅིག་ དེ་ལས་ ཀླུའི་རྒྱལ་པོ་ བྷ་སུ་རྟའི་ཐོད་པ་དང་ སེར་བ་བཅོམས་ཚུགས་པའི་ དུང་དཀར་ཚུ་ཨིན་པས།
ལྷ་ཁང་དེ་ནང་ ཉིནམ་དེ་ཁར་ སྐུ་འཆམ་ཚུ་ཡང་གནང་དོ་ཡོདཔ་ད་ དང་པ་གཏེར་འཆམ་ལས་འགོ་བཟུང་ གཤིན་རྗེ་ཡབ་ཡུམ་དང་ ཞྭ་ནག་རྔ་འཆམ་ གསོལ་འདེབས་འཆམ་ལ་སོགས་པ་ཚུ་གནང་དོ་ཡོདཔ་ལས་ ཉིནམ་དེ་ཁར་ མོང་སྒར་ཁྲོམ་ཁར་སྡོད་མི་ ཚོང་པ་དང་ ཞི་གཡོགཔ་ དེ་ལས་ གཡུས་ཁའི་མི་སེར་ཚུ་གིས་ཡང་ དཀར་པོ་དགེ་བའི་ལཱ་ལུ་ འབད་བརྩོན་བསྐྱེད་ནིའི་ གོ་སྐབས་བཟང་པོ་ཅིག་ཨིན་པས།
ཚེས་བཅུ་མཇལ་ནི་དང་ ནང་རྟེན་མཇལ་ཁ་ཞུ་བར་འོང་མི་ དད་ཅན་ མང་ཤོས་ཅིག་གིས་ སླབ་མིའི་ནང་ དུས་ཅི་ རྒྱལ་ཁབ་ནང་ སྤྱི་ཚོགས་༢ པའི་བཙག་འཐུའི་འུར་བྱེལ་ཚུ་ ལང་ཡོདཔ་ལས་ རྒྱལ་ཁབ་ནང་ བཙག་འཐུའི་བྱ་རིམ་ཚུ་ སྔར་བ་ལྷག་སྟེ་ དམངས་གཙོའི་གཞུང་དེ་ གྲུབ་འབྲས་ཅན་ཅིག་ལུ་ འགྱུར་བཅུག་ཟེར་བའི་ སྨོན་ལམ་ཚུ་ བཏབ་དགོཔ་ཁག་ཆེ་ནི་མས་ཟེར་ཨིན་པས།
ད་རེས་ནངས་པ་ ཡག་སྒང་ལྷ་ཁང་ནང་ བླ་བརྒྱུད་འཛིན་མི་ པད་གླིང་དུང་བརྒྱུད་ཀྱི་སྲས་ སྐྱེས་ལོ་༣༥ ལང་མི་ ཀུན་ལེགས་རྒྱལ་མཚན་གྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ རང་ཟླ་༥ པའི་ཚེས་༡༠ ལུ་སྤྲེལ་ཟླ་ཚེས་བཅུ་ཟེར་ཉིན་གྲངས་༡ གི་རིང་ སྐུ་མཆམ་དང་ མི་མང་ལུ་ལྷ་ཁང་གི་ནང་རྟེན་ རྩ་ཅན་ཚུ་མཇལ་ཁ་གནང་ནི་དེ་ སྔོན་དང་ཕུ་ལས་ར་ཡོདཔ་ལས་ ད་ལྟོའི་བར་ན་ཡང་ སྔར་ག་ཨིནམ་སྦེ་ མི་མང་ལུ་ མཇལ་ཁ་གནངམ་ཨིན་ཟེར་ཨིན་པས།
ད་ལྟོ་ རྒྱལ་ཁབ་ནང་ ནད་མུག་འཁྲུགས་རྩོད་མེད་པར་ བདེ་སྐྱིད་ཀྱི་ དཔལ་ལུ་ལོངས་སྤྱོད་དེ་ཡོད་མི་དེ་ སྙིགས་མ་ལྔ་བདོའི་དུས་ཚོད་ལུ་ སྐྱབས་མཆོག་བླ་ན་མེད་པ་ ཨྱོན་གུ་རུ་རིན་པོ་ཆེའི་ མཛད་པ་འཕྲིན་ལས་ལུ་བརྟེན་ཨིནམ་ལས་ བཀའ་དྲིན་དྲན་པའི་སྒོ་ལས་ གསོལ་བ་བཏབ་དགོཔ་ གལ་ཆེཝ་ལས་བརྟེན་ཨིན་ཟེར་ ཁོ་གིས་ ཀུན་གསལ་ལུ་ སླབ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment