གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་གཉིས་ཆ་རའི་ འདེམས་ངོ་རེ་ ཆ་མེད་སོང་ཡོདཔ།

༡༣/༦/༢༠༡༣   འདེམས་ངོ་ཅིག་ ཁྲིམས་སྲུང་འགག་པའི་ ཉོགས་མེད་ལག་ཁྱེར་མེད་མི་ལུ་བརྟེན་ཨིན་རུང་ གཞན་མི་ད་ེ ག་དེ་སྦེ་ ཆ་གནས་གྲུབ་མ་ཚུགསཔ་ཨིན་ན་ ཧ་གོ་མ་ཚུགས།
༉ ཁ་ཙ་ འབྲེལ་ཡོད་ངོས་ལེན་འགོ་དཔོན་ཚུ་གིས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་གཉིས་ཀྱི་ འདེམས་ངོ་༩༤ གི་ གདམ་ངོའི་ཡིག་ཆ་ཚུ་ ནན་ཞིབ་འབད་བའི་སྐབས་ ཚོགས་པ་གཉིས་ཆ་ར་ལས་ འདེམས་ངོ་རེ་ཆ་གནས་གྲུབ་མ་ཚུགསཔ་ཨིན་པས།


དེ་ཡང་ འབྲུག་ཕུན་སུམ་ཚོགས་པའི་ བཀྲ་ཤིས་སྒང་རྫོང་ཁག་གི་ ར་ལྡི་-སག་སྟེང་འདེམས་ཁོངས་ཀྱི་ ཚོགས་དཔོན་བགྲེསཔ་གི་ཚབ་ལུ་ འདེམས་ངོ་སྦེ་ ཁོ་རའི་བུ་ འཇིགས་མེད་ཚུལ་ཁྲིམས་བཙུགས་ཡོད་མི་དེ་གིས་ བཙག་འཐུའི་དོ་འགྲན་གྱི་དོན་ ལུ་མཁོ་བའི་ ཡིག་ཆ་ཚངམ་སྦེ་ སྤྲོད་མ་ཚུགསཔ་ལས་ ངོས་ལེན་འགོ་དཔོན་གྱིས་ གདམ་ངོ་ངོས་ལེན་དེ་ ཆ་མེད་བཏང་ཡོདཔ་ཨིན་པས།
འདེམས་ཁོངས་དེ་གི་ ངོས་ལེན་འགོ་དཔོན་ པདྨ་ཚེ་དབང་གིས་ སླབ་མིའི་ནང་ གདམ་ངོ་སྦེ་ ངོས་ལེན་འབད་མ་ཚུགས་མི་དེ་ཡང་ འཇིགས་མེད་ཚུལ་ཁྲིམས་ཀྱིས་ ཁྲིམས་སྲུང་འགག་པའི་ ཉོགས་མེད་ལག་ཁྱེར་ཐོབ་མ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ འགོ་ཐོག་བཙག་འཐུའི་དོན་ལུ་ ཁྲིམས་སྲུང་འགག་པའི་ ཉོགས་མེད་ལག་ཁྱེར་ཐོབ་ཡོད་རུང་ དུས་མཐུན་གྱི་ གནས་སྡུད་བཟོ་བའི་སྐབས་ ཆ་མེད་སོང་ནུག་ཟེར་ ངོས་ལེན་འགོ་དཔོན་གྱིས་ སླབ་ཨིན་པས།
འཇིགས་མེད་ཚུལ་ཁྲིམས་ཀྱིས་ གནད་དོན་ག་ཅི་ལུ་བརྟེན་ ཉོགས་མེད་ལག་ཁྱེར་མ་ཐོབ་ཨིན་ན་ མ་ཤེས་རུང་ ཁོ་གིས་ སྤྱི་ལོ་༢༠༠༨ ལུ་ སྤ་རོ་ལུ་ བརྡུང་རྫོབ་ཀྱི་ བྱ་ངན་ནང་ འབྲེལ་གཏོགས་འབད་བའི་ དོགས་པ་ཡོདཔ་ཨིན་པས།
ཁ་ཙ་ ཐིམ་ཕུ་ལུ་ འོང་པའི་བསྒང་ཨིན་མི་ འཇིགས་མེད་ཚུལ་ཁྲིམས་ཀྱིས་འབད་བ་ཅིན་ ཡིག་ཆ་ཚུ་ག་ར་ ཆ་ཚང་སྦེ་ཡོདཔ་ཨིན་རུང་ ཁོ་གི་ ཉོགས་མེད་ལག་ཁྱེར་ ཆ་མེད་སོང་མི་དེ་ཡང་ མི་གཞན་ཅིག་གིས་ ཁོ་གི་ མིང་ཐོག་ཁར་ སྤྱི་ཟླ་༦ པའི་ཚེས་༣ གྱི་དྲོ་པའི་ཆུ་ཚོད་༨:༤༥ ལུ་ ཉོགས་མེད་ལག་ཁྱེར་གྱི་དོན་ལུ་ ཡོངས་འབྲེལ་ཐོག་ལས་ ཞུ་ཡིག་བཙུགས་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་ལུ་ ཉོགས་མེད་ལག་ཁྱེར་ཧེ་མ་ལས་ཡོད་རུང་ ཁོ་ ཐིམ་ཕུ་ལས་ བུམ་ཐང་ལུ་ འགྲོ་འགྲུལ་འབད་བའི་སྐབས་ མི་གཞན་གྱིས་ ད་རུང་ ཞུ་ཡིག་བཙུགས་ཡོད་རུང་ དེ་གི་སྐོར་ལས་ ཁོ་ལུ་ ག་གིས་ཡང་ སླབ་སླབ་མེདཔ་ལས་ ཁ་ཙ་ ངོས་ལེན་འགོ་དཔོན་གྱིས་ ཉོགས་མེད་ལག་ཁྱེར་མིན་འདུག་ཟེར་ བརྒྱུད་འཕྲིན་ལྷོདཔ་ད་ལས་བརྒལ་ མ་ཤེས་ཟེར་ཨིན་པས།
འདེམས་ངོ་ཆ་མེད་སོང་མི་ལུ་བརྟེན་ ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ ར་ལྡིའི་མི་སེར་ཚུ་ སེམས་དང་མ་ལྡན་པར་ཡོདཔ་ད་ གཡུས་མི་ཅིག་གིས་ ཧེ་མའི་ འདེམས་ངོ་དེ་ཡང་ ཆ་མེད་སོང་ཡོདཔ་ལས་ ད་རུང་ ཆ་མེད་སོང་མི་ལུ་ སེམས་ཕམ་བྱུང་སྟེ་ཡོད་ཟེར་ སླབ་ཨིན་པས།
འབྲུང་ཕུན་སུམ་ཚོགས་པའི་མགྲིན་ཚབ་ བསྟན་རྒྱས་བློན་པོ་བགྲེསཔ་ མཁའ་འགྲོ་དབང་ཕྱུག་གིས་ གནད་དོན་དེ་གི་སྐོར་ལས་ ཤེས་རྟོགས་མ་བྱུངམ་ལས་ ད་ལྟོ་ ག་ནི་ཡང་ སླབ་མི་ཚུགས་ཟེར་ ཁ་ཙ་ཕྱི་རུ་ ཀུན་གསལ་ལུ་ སླབ་ཨིན་པས།
དེ་བཟུམ་སྦེ་ ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་དང་ དོ་འགྲན་འབད་ནི་ཨིན་མི་ མི་སེར་དམངས་གཙོ་ཚོགས་པའི་ པདྨ་དགའ་ཚལ་ན་ནོང་- ཤུ་མར་འདེམས་ཁོངས་ཀྱི་འདེམས་ངོ་ འཇིགས་མེད་འབྲུག་པ་ལུ་ཡང་ དཀའ་ངལ་ཐོན་ཡོད་རུང་ ག་དེ་སྦེ་ ཐོན་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགསཔ་ཨིན་པས།
ཚོགས་པའི་ངོ་ཚབ་ དམ་ཆོས་རྡོ་རྗེ་གིས་འབད་བ་ཅིན་ འཇིགས་མེད་འབྲུག་པ་གིས་ ངོས་ལེན་འགོ་དཔོན་འབད་སར་ ལྷོད་མ་ཚུགསཔ་ལས་ གདམ་ངོ་ཆ་མེད་སོང་ཡོད་རུང་ ཚབ་བཙུགས་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
ཨིན་རུང་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ འཆི་མེད་ཀྱིས་འབད་བ་ཅིན་ འདེམས་ངོ་དེ་གི་ འབྲེལ་ཡོད་ཡིག་ཆ་ཚུ་ག་ར་ ངོས་ལེན་འགོ་དཔོན་ལུ་ བཙུགས་ཡོད་རུང་ ཚབ་བཙུགས་ནིའི་སྐོར་ལས་ ཚོགས་པ་གིས་ ད་རིས་ གྲོས་བསྡུར་འབད་ཞིནམ་ལས་ ཐག་བཅད་འོང་ཟེར་ཨིན་པས།
ཚོགས་པ་གཉིས་ཆ་ར་གིས་ འདེམས་ངོ་ཚུ་ ཚབ་བཙུགས་ནི་གི་དོན་ལུ་ ཧེ་མ་ལས་ ཐོ་བཀོད་འབད་ཡོད་པའི་ འདེམས་ངོ་རེ་ བཏོན་ཏེ་ཡོདཔ་ཨིན་རུང་ ཁ་ཙ་ གསར་ཤོག་ཅིག་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ འགོ་ཐོག་བཙག་འཐུ་ནང་ལས་ མཐར་འཁྱོལ་མ་བྱུང་མི་ འབྲུག་སྤྱིར་དབང་ཚོགས་པའི་ འདེམས་ངོ་ཅིག་ལུ་ འཇིགས་མེད་ཚུལ་ཁྲིམས་ཀྱི་ཚབ་སྦེ་ འཛུལ་དགོ་པའི་སྐོར་ འཁོད་དེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མི་སེར་དམངས་གཙོ་ཚོགས་པ་གིས་ཡང་ འདེམས་ངོའི་ཚབ་ བཏོན་ཏེ་ཡོདཔ་ཨིན་རུང་ ག་ཨིན་ན་ སླབ་མ་བཏུབ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་དང་འཁྲིལཝ་ད་ སྲིད་དོན་ཚོགས་པ་ཚུ་གིས་ གདམ་ངོ་ཆ་མེད་སོང་མི་ཚུ་གི་ ཚབ་བཙུགས་ནི་གི་དོན་ལུ་ དུས་ཡུན་བདུན་ཕྲག་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment