གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རི་བོ་ཏ་ལ་དང་ དགོངས་ཕུག་བར་ན་ འཕྲལ་འཕྲལ་སྦེ་ར་ ས་རུད་ཆད་དེ་ ལམ་བསུབས་དོ་ཡོདཔ།

༨/༦/༢༠༡༣   ༉ ད་རེས་ནངས་པ་ ཆར་ཆུའི་དུས་ཚོད་ འགོ་བཙུགས་མི་དང་བསྟུན་ གཞལམ་སྒང་དང་ དགེ་ལེགས་ཕུག་བར་ནའི་ གཞུང་ལམ་བདའ་སྟེ་ ས་རུད་ཆད་དེ་ ལམ་བསུབས་པའི་དཀའ་ངལ་ སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ཀྲོང་གསར་ལས་ གཞལམ་སྒང་ལུ་ འགྱོ་བའི་ལམ་ཁར་ཡང་ རི་བོ་ཏ་ལ་ལུ་ ས་རུད་སྦོམ་སྦེ་ར་ ཆད་ཡོད་པའི་ཁར་ གཞན་མི་དེ་ ཏིང་ཏི་སྦིས་དང་ དགོངས་ཕུག་བར་ནའི་ འཁོར་ལམ་ཚུ་ བསུབས་དོ་ཡོདཔ་ཨིན་པས།

རི་བོ་ཏ་ལ་ལུ་ ས་བརྐོ་འཕྲུལ་ཆས་ཅིག་གིས་ ལམ་བསུབས་མི་ཚུ་ སེལ་བའི་བསྒང་།


ཉེན་ཁ་ཅན་གྱི་ ས་གནས་དེ་གཉིས་ཀྱིས་མ་ཚད་པར་ ས་གནས་གཞན་ཚུ་ནང་ཡང་ ས་རུད་ཆད་དེ་ ལམ་བསུབས་པའི་ དཀའ་ངལ་ཚུ་ ལེ་ཤ་ཅིག་ར་ བྱུང་དོ་ཡོདཔ་ཨིན་རུང་ལམ་སེལ་ལས་ཁུངས་ཀྱིས་ ས་གནས་ཀྱི་ གནས་སྟངས་ཚུ་དང་འཁྲིལ་ ས་བརྐོ་འཕྲུལ་ཆས་ ཨེགསི་ཀེ་བེ་ཊར་དང་ ཇེ་སི་བི་ཚུ་བཙུགས་ཏེ་ དུས་དང་དུས་སུ་ ལམ་བསལ་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གཞལམ་སྒང་ལུ་སོང་མི་ དབང་འདུས་ཀྱིས་ སླབ་མིའི་ནང་ ཁོ་ར་ གཞལམ་སྒང་ལུ་སོང་སྟེ་ ལོག་འོང་པའི་སྐབས་ རི་བོ་ཏ་ལ་ལུ་ ས་རུད་ཆད་སའི་ས་ཁོངས་ནང་ ཐོགས་ལུས་ཡོདཔ་ད་ འཕྲུལ་ཆས་ཚུ་གིས་ ལམ་སེལ་བའི་སྐབས་ ལམ་ལྟག་ལས་མར་ རྡོ་སྦོམ་ཚུ་ འདྲོག་སི་སི་སྦེ་ རྦོབ་རིལ་འོང་དོ་ཡོདཔ་ལས་ འཕྲུལ་ཆས་བཏང་མི་ཚུ་ལུ་ཡང་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
མ་གཞི་ འཕྲུལ་ཆས་ཚུ་གིས་ དེ་འཕྲོ་ལས་ ལམ་བསལ་ཏེ་ སྣུམ་འཁོར་ཚུ་ བཏང་དོ་ཡོདཔ་ཨིན་རུང་ སྣུམ་འཁོར་ཆེ་བ་ཚུ་གི་དོན་ལུ་ དཀའ་ངལ་སྦོམ་མི་བྱུང་དོ་ཡོདཔ་ ཨིན་རུང་ སྣུམ་འཁོར་ཆུང་བ་ཚུ་ ལམ་བར་ན་ ཐོགས་ལུས་ཏེ་ ལྟག་ལས་མར་ རྦོབ་རིལ་འོང་མི་ རྡོ་ཚུ་ཕོག་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ འགྲུལ་སྐྱོད་འབད་མི་ཚུ་གིས་ སླབ་ཨིན་པས།
གཞལམ་སྒང་གི་ ལམ་སེལ་ལས་ཁུངས་ཀྱི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་འོགམ་ དཀོན་མཆོག་བསྟན་འཕེལ་གྱིས་ སླབ་མིའི་ནང་ ད་རེས་ ས་རུད་ཆད་སའི་ ས་ཁོངས་ཚུ་ནང་ ཆར་ཆུའི་དུས་ཚོད་ལུ་ ལོ་ཨ་རྟག་ར་ དེ་བཟུམ་མའི་ དཀའ་ངལ་ཚུ་ འབྱུང་ནི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ རི་བོ་ཏ་ལ་ལུ་ འཕྲུལ་ཆས་ཨེགསི་ཀེ་བེ་ཊར་༡ དང་ ཇེ་སི་བི་ཅིག་དང་གཅིག་ཁར་ འཕྲུལ་ཆས་ལག་ལེན་འཐབ་མི་ཚུ་ གཞི་བཙུགས་འབད་དེ་ཡོདཔ་ལས་ ས་རུད་ནམ་ཆདཔ་ཅིག་ དེ་འཕྲོ་ལས་ ལམ་བསལ་ཏེ་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ཚུགསཔ་བཟོ་དོ་ཟེར་ཨིན་པས།
དཀོན་མཆོག་བསྟན་འཕེལ་གྱིས་འབད་བ་ཅིན་ སྤྱི་ཟླ་༦ པའི་ཚེས་༥ གི་ནུབ་མོ་ཡང་ རི་བོ་ཏ་ལ་ལུ་ ས་རུད་ཆད་དེ་ ལམ་བསུབས་མི་དེ་ ཁ་ཙ་དྲོ་པ་ བསལ་ཚར་ཡི་ཟེར་ཨིན་པས།
དགོངས་ཕུག་ལུ་ འདས་པའི་བདུན་ཕྲག་ནང་ ལམ་བསུབས་ཡོདཔ་ཨིན་རུང་ ད་རེས་སྐབས་ཅིག་ དཀའ་ངལ་མ་ཐོན་པར་ཡོདཔ་ད་ གལ་སྲིད་ཆརཔ་རྐྱབ་པ་ཅིན་ ས་རུད་ཆད་ནི་ཨིནམ་ལས་ གཏན་འཁེལ་སྦེ་ ག་ཅི་ཡང་ སླབ་མི་ཤེསཔ་ཨིན་པས།
ལམ་སེལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ཏིང་ཏིང་སྦིས་དང་ པ་ར་ལང་ས་ཁོངས་༢ ཀྱི་བར་ན་ ལམ་རྒྱ་བསྐྱེད་ཀྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ལས་ ལཱ་འབད་སའི་ས་ཁོངས་ཚུ་ནང་ འགྱམ་ཚུ་སྒྲིང་སྒྲིང་མེད་པ་ལུ་བརྟེན་ ས་གནས་དག་པ་ཅིག་ནང་ ས་རུད་ཆད་པའི་དཀའ་ངལ་ དུམ་གྲ་རེ་བྱུངམ་མས་ཟེར་ ཨིན་རུང་ ས་ཁོངས་ནང་ ལཱ་འབད་མི་འཕྲུལ་ཆས་ཚུ་ ལེ་ཤ་ཅིག་ར་ཡོད་མི་ལུ་བརྟེན་ དཀའ་ངལ་སྦོམ་མི་ཐོན་པས་ཟེར་ཨིན་པས།
གལ་སྲིད་ས་རུད་ཚུ་ ཕྱི་རུའི་ཆུ་ཚོད་༦ གི་ཧེ་མར་ ཆད་པ་ཅིན་ ལམ་བསལ་བྱིན་དོ་ཡོདཔ་ཨིན་རུང་ དེ་ལས་ཕྱིས་སོ་པ་ཅིན་ ལམ་གྱི་གནས་སྟངས་དང་འཁྲིལ་ དེ་གི་ནངས་པ་མ་གཏོགས་ བསལ་ནི་མེད་ཟེར་ཨིན་པས།
ཨིན་རུང་ མི་ཚུ་གིས་ ནུབ་མོ་ཡང་ བརྒྱུད་འཕྲིན་ཆད་ནི་མེད་པར་ བཏང་དོ་ཡོདཔ་ལས་ རྒྱ་ཆེ་དྲགས་སྦེ་ར་ མ་བསུབ་པ་ཅིན་ འཕྲུལ་ཆས་བཏང་མི་ཚུ་ རང་སོའི་ཁྱིམ་ནང་ལས་ ལོག་འབོ་ཞིནམ་ལས་ ནུབ་མོ་འབད་རུང་ བསལ་བྱིནམ་ཨིན་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
དེ་མེན་པའི་ རི་བོ་ཏ་ལ་ལས་ དགོངས་ཕུག་ཚུན་ ས་གནས་ཁག་ལེ་ཤ་ཅིག་ནང་ ས་རུད་མ་ཆད་རུང་ རྡོ་ཚུ་ རྦོབ་རིལ་འོང་བའི་ དཀའ་ངལ་སྦོམ་སྦེ་ར་ མཐོང་གསལ་བྱུངམ་ཨིན་པའི་གནས་ཚུལ།

གཞལམ་སྒང་ལས་ ཉི་མ་དབང་འདུས།

No comments:

Post a Comment