གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀ་བཞི་རྒེད་འོག་གི་གཡུས་ཚན་༢ ཀྱིས་ དུས་ཅི་ལས་ དབྱར་རྩྭ་དགུན་འབུབ་འཐུ་ཆོག་ནི།

༨/༦/༢༠༡༣   ༉ དབང་འདུས་ཕོ་བྲང་ ཀ་བཞི་རྒེད་འོག་གི་ ལེང་ཁེབ་སྦྱིས་དང་ བལ་པ་གཡུས་ཚན་གྱི་ མི་སེར་ཚུ་ དུས་ཅི་ དབྱར་རྩྭ་དགུན་འབུབ་འཐུ་ཆོག་ཟེར་ མི་སྡེ་ནགས་ཚལ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།


ས་གནས་ནང་གི་ མི་སེར་ཚུ་གིས་ དབྱར་རྩྭ་དགུན་འབུབ་འཐུ་ཆོག་པའི་ གནང་བ་གནང་དགོཔ་སྦེ་ སོ་ནམ་དང་ ནགས་ཚལ་ལྷན་ཁག་ནང་ཞུ་ཡིག་ བཙུགས་པའི་ཤུལ་ལུ་ སྤྱི་ཟླ་༦ པའི་ཚེས་༤ ལུ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
ནགས་ཚལ་འགོ་དཔོན་དང་ རྒེད་འོག་གི་འགོ་ཁྲིདཔ་ དེ་ལས་ ས་གནས་ཀྱི་མི་སེར་ཚུ་གིས་ གཡུས་ཚན་༢ ནང་ ཞིབ་དཔྱད་ཚུ་འབད་ཡོདཔ་མ་ཚད་ དབྱར་རྩྭ་དགུན་འབུབ་འཐུ་ཆོག་པའི་གཡུས་ཚན་ བལ་བྲག་ནང་ དབྱེ་བ་དཔྱད་དེ་ལྟཝ་ད་ ཁྱད་པར་གནམ་མེད་ས་མེད་ཅིག་ མེད་མི་ལུ་བརྟེན་ དབྱར་རྩྭ་དགུན་འབུབ་འཐུ་ཆོག་པའི་ གནང་བ་བྱིན་ཡོདཔ་ཨིན་པས།
མི་སྡེ་ནགས་ཚལ་སྡེ་ཚན་གྱི་ ནགས་ཚལ་ སྤྱི་ཁྱབ་འགོ་དཔོན་ རྒྱལ་མཚན་འབྲུག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བལ་བྲག་གི་ མི་སེར་ཚུ་ཡང་ དབྱར་རྩྭ་དགུན་འབུབ་འཐུ་ནི་ འགོ་བཙུགས་པའི་ཤུལ་ལས་ ད་ལྟོ་ ས་དང་ཁྱིམ་ཚུ་ཡང་ ཉོ་སྟེ་ རང་གི་རང་ལང་ཚུགསཔ་སྦེ་ འདུག་ཟེར་ཨིན་པས།
རྒྱལ་མཚན་འབྲུག་པ་ཁོ་ར་ གཡུས་ཚན་༢ ནང་ བརྟག་དཔྱད་འབད་མིའི་གྲངས་སུ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ བལ་བྲག་དང་ གཞན་མི་གཡུས་ཚན་གཉིས་ནང་ མི་སེར་ཚུ་ བཅོག་འཐདཔ་སྦེ་ སྡོད་དོ་ཡོདཔ་ལས་ ཧ་ལམ་ གཡུས་ཚན་༣ གྱི་བར་ན་ ཁྱད་པར་མིན་འདུག་ཟེར་ཨིན་པས།
ཁོང་གིས་ བརྟག་དཔྱད་འབད་མི་དང་འཁྲིལ་ཏེ་ ནགས་ཚལ་དང་གླིང་ཀ་ཞབས་ཏོག་ལས་ཁུངས་ནང་ བལ་པ་དང་ ལེང་ཁེབ་སྦྱིས་ཀྱི་ ཁྱིམ་གུང་པ་༥༢ ལུ་ དབྱར་རྩྭ་དགུན་འབུབ་འཐུ་ཆོག་པའི་ གནང་བ་བྱིན་དགོཔ་སྦེ་ གྲོས་འཆར་བཙུགས་ཏེ་ ཡོད་ཟེར་ཨིན་པས།
དབྱར་རྩྭ་དགུན་འབུབ་འཐུ་བའི་སྐབས་ལུ་ བཅའ་ཡིག་དང་ སྒྲིག་གཞི་ནང་ བཀོད་མི་དང་འཁྲིལ་ཏེ་ འབད་དགོཔ་ཨིནམ་ད་
ནགས་ཚལ་དང་ གླིང་ཀ་ཞབས་ཏོག་ལས་ཁུངས་ཀྱིས་ གྲོས་འཆར་དེ་ ཆ་འཇོག་འབད་ཡོདཔ་ལས་ ཀ་བཞི་རྒེད་འོག་གི་ འགོ་དཔོན་ཚུ་དང་ གྲོས་བསྟུན་འབད་དེ་ དབང་འདུས་ཕོ་བྲང་གི་ནགས་ཚལ་འགོ་དཔོན་ཚུ་གིས་ མི་སེར་ཚུ་ལུ་ དབྱར་རྩྭ་དགུན་འབུབ་འཐུ་ཆོག་པའི་ གནང་བ་སྤྲོད་དགོ་པའི་སྐོར་ལས་ སྙན་ཞུ་ཚུ་ དབང་འདུས་ཕོ་བྲང་ལུ་ བཏང་ཡོདཔ་ཨིན་པས།
དབྱར་རྩྭ་དགུན་འབུབ་འཐུ་ཆོག་པའི་ ཆོག་ཐམ་ངོ་མ་དེ་ འབྲེལ་ཡོད་ནགས་ཚལ་འགོ་དཔོན་དང་ རྒཔོ་ཚུ་ནང་ལས་ ལེན་དགོ་ཟེར་ རྒྱལ་མཚན་འབྲུག་པ་གིས་ བཤདཔ་ཨིན་པས།
མི་སྡེ་ནགས་ཚལ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དབྱར་རྩྭ་དགུན་འབུབ་འཐུ་ཆོག་པའི་ གནང་བ་བྱིན་དགོ་མི་དེ་ཡང་ གཡུས་ཚན་ནང་ དབུལ་ཕོངས་ཀྱི་ དཀའ་ངལ་མར་ཕབ་འབད་ཐབས་ལུ་ ཨིན་ཟེར་ཨིན་པས།
རྒྱལ་མཚན་འབྲུག་པ་གིས་ འབད་བ་ཅིན་ ད་ལྟོ་ ཁྱིམ་གུང་༥༢ ལུ་ དབྱར་རྩྭ་དགུན་འབུབ་འཐུ་ཆོག་ཟེར་ སླབ་པའི་སྐབས་ ཁྱིམ་གུང་རེ་རེ་ནང་ལས་ མི་རེ་རེ་གིས་མ་གཏོགས་ འབྲེལ་ཡོད་ག་ར་གིས་ འཐུ་མ་ཆོགཔ་སྦེ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལེང་ཁེབ་སྦྱིས་དང་ བལ་པ་གི་ མི་སེར་ཚུ་གིས་ དབྱར་རྩྭ་དགུན་འབུབ་འཐུ་ཆོག་པའི་ གནང་བ་དེ་ སོ་ནམ་ལྷན་ཁག་ནང་ སྤྱི་ལོ་༢༠༡༢ ལས་ གྲོས་འཆར་བཙུགས་ཡོདཔ་ལས་ ལྷན་ཁག་གི་ བཀའ་དང་འཁྲིལ་ཏེ་ བརྟག་དཔྱད་འབད་ཡི་ཟེར་ཨིན་པས།
ཀ་བཞི་རྒཔོ་ སྲིད་རྒྱལ་རྡོ་རྗེ་གིས་ འབད་བ་ཅིན་ གཡུས་ཚན་གཉིས་ནང་ དབྱར་རྩྭ་དགུན་འབུབ་འཐུ་ཆོག་པའི་ གནང་བ་གནང་མི་དེ་གིས་ ས་གནས་ནང་གི་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་ར་འབྱུང་འོང་ཟེར་ཨིན་པས།
སྤྱིར་བཏང་ དབྱར་རྩྭ་དགུན་འབུབ་འཐུ་ནིའི་ལཱ་དེ་ འཇམ་ཏོག་ཏོ་ཅིག་ མེད་ནི་དེ་གིས་ མི་སེར་ཚུ་གིས་ ག་དེ་སྦེ་ འབད་ཚུགས་ག་ཟེར་བའི་ དོགས་པ་ཡོད་ཟེར་ རྒཔོ་སྲིད་རྒྱལ་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment