གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ལུ་ དངུལ་ཀྲམ་གྱི་གནས་གོང་མར་ཉམས།

༣༠/༡༡/༢༠༡༢   ཇའི་སྒང་ལུ་ རྒྱ་གར་གྱི་ཏི་རུ་ རུ་པི་འབག་ནི་མེད་པ་ཅིན་ དངུལ་ཀྲམ་ཐོག་ལུ་སྤྲོདཔ་ད་ འཐུས་བརྒྱ་ཆ་༨ ལེན་དོ་ཡོདཔ་ཨིན་པས།
 ༉ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ ཡོངས་གྲགས་ཅན་གྱི་ ཤཱཀ་ཏི་སྣུམ་འཁོར་བཅོ་ཁང་ནང་ སྣུམ་འཁོར་བཅོ་ནི་དང་འབྲེལ་བའི་ ཞབས་ཏོག་ཚུ་ ལེན་དགོ་པ་ཅིན་ རྒྱ་གར་གྱི་ཏི་རུ་ རུ་པི་དགོཔ་ཨིནམ་ད་ དེ་མིན་ དངུལ་ཀྲམ་སྤྲོད་པ་ཅིན་ འཐུས་བརྒྱ་ཆ་༨ ལེན་དོ་ཡོདཔ་ཨིན་པས།
འབྲུག་པའི་སྣུམ་འཁོར་ཚུ་ ཇའི་སྒང་ལུ་ ཤཱཀ་ཏི་སྣུམ་འཁོར་བཅོ་ཁང་ནང་ བཅོ་ཁ་རྐྱབ་པའི་བསྒང་།


བཅོ་ཁང་དེ་ནང་ འགོ་ཐོག་ལུ་ ཞབས་ཏོག་ལེན་པར་འགྱོ་མི་ཚུ་ལུ་ དེ་བཟུམ་གྱི་ལམ་ལུགས་དེ་ དཀལ་ངལ་བཟུམ་ཅིག་སྦེ་ ངོས་ལེན་འབད་མི་དེ་ཡང་ དངུལ་ཀྲམ་སྤྲོད་པའི་སྐབས་ལུ་ སྣུམ་འཁོར་བཅོ་ཁ་རྐྱབ་པའི་ གླ་འཐུས་གུ་ བྱ་ཐབས་མེད་པར་ འཐུས་བརྒྱ་ཆ་༨ སྤྲོད་དགོཔ་ཐོན་ནི་དེ་གིས་ཨིན་པས།
དེ་ཡང་ དཔྱེ་འབད་བ་ཅིན་ སྣུམ་འཁོར་བཅོ་བའི་གླ་འཐུས་ རུ་པི་༡༠,༠༠༠ གནས་མི་དེ་ དངུལ་ཀྲམ་སྤྲོད་པའི་སྐབས་ལུ་ རུ་པི་༡༠,༠༠༠ གུ་ འཐུས་བརྒྱ་༨ བཀལཝ་ད་ དངུལ་ཀྲམ་༡,༨༠༠ སྤྲོད་དགོཔ་ཨིན་པས།
དེ་བཟུམ་གྱི་ ལམ་ལུགས་ཐོག་ལས་ ཉིན་བསྟར་བཞིན་དུ་ མི་བརྒྱ་ལས་བཅད་དེ་ འོང་མི་ཚུ་གི་གྲས་ལས་གཅིག་ གླ་འཁོར་བཏང་མི་ སངས་རྒྱས་དེ་ཨིནམ་ད་ ཁོ་གིས་ ཁ་ཙ་ གླ་འཁོར་བཅོ་མིའི་འཐུས་ རུ་པི་༤,༠༠༠ སྤྲོད་དགོ་ནི་ཨིན་རུང་ རུ་པི་མེདཔ་ལས་བརྟེན་ དངུལ་ཀྲམ་༤,༣༢༠ སྤྲོད་དགོཔ་ཐོན་ཡོདཔ་ཨིན་པས།
གླ་ཆ་མ་སྤྲོད་པའི་ཧེ་མར་ ཁོ་གིས་ རུ་པི་འཚོལ་བར་འགྱོ་བའི་སྐབས་ ག་ཏེ་ལས་ཡང་ ཐོབ་མ་ཚུགས་ཟེར་ཨིནམ་ད་ དེ་ཡང་ སངས་རྒྱས་ཀྱིས་འབད་བ་ཅིན་ དངུལ་ཁང་ཚུ་ནང་སོང་སྟེ་ རུ་པི་དགོ་པའི་སྐོར་ལས་སླབ་རུང་ རུ་པི་གི་མཐུན་རྐྱེན་དེ་ རྒྱ་གར་ལུ་ དཔེ་ཆ་ལྷབ་མི་དང་ སྨན་བཅོས་འབད་བར་འགྱོ་མི་ རྐྱངམ་གཅིག་ལུ་མ་གཏོགས་ བྱིན་ནི་མེད་ཟེར་ཨིན་པས།
ད་རུང་ ཐིམ་ཕུ་ལུ་སྡོད་མི་ ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ས་མཚམས་ས་ཁོངས་དེ་ནང་ དེ་བཟུམ་གྱི་ ལམ་ལུགས་ལུ་ བསྒྱུར་བཅོས་འབད་ཡོད་པའི་སྐོར་ལས་ ཁ་ཙ་ལས་བརྒལ་ མ་ཤེས་ཟེར་ཨིན་པས།
གལ་སྲིད་དེ་བཟུམ་གྱི་ ལམ་ལུགས་དེ་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་པ་ཅིན་ རུ་པི་དང་ཕྱདཔ་ད་ དངུལ་ཀྲམ་གྱི་གནས་གོང་ མར་ཉམས་འགྱོ་ནིའི་ རྟགས་མཚན་ཅིག་ཨིན་མས་ཟེར་ཨིནམ་ད་ གཞུང་འབྲེལ་གྱི་ཐད་ལས་འབད་བ་ཅིན་ དངུལ་ཀྲམ་གྱི་ གནས་གོང་དེ་ ཨ་རྟག་ག་ཨིནམ་སྦེ་ རུ་པི་དང་ དངུལ་ཀྲམ་གྱི་བར་ན་ ཁྱད་པར་མེདཔ་ཨིན་པས།
ཤཱཀ་ཏི་སྣུམ་འཁོར་བཅོ་ཁང་ནང་ སྣུམ་འཁོར་བཅོ་མི་ མང་ཤོས་ར་ འབྲུག་མི་ཚུ་ཨིནམ་ལས་ ཁོང་གི་དོན་ལུ་ གླ་ཆ་ཚུ་ དངུལ་ཀྲམ་གྱི་ཐོག་ལས་ སྤྲོད་དོ་ཡོདཔ་ཨིན་རུང་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་གིས་ རུ་པི་གི་ཚབ་ལུ་ མཱསི་ཊར་ཀཱཊ་དང་ ཝི་ཟ་ཀཱཊ་ཟེར་ རྒྱལ་སྤྱིའི་དངུལ་འབྲེལ་ལས་ཁང་ཚུ་གིས་ ངོས་ལེན་འབད་མི་ ཤོག་བྱང་ཀཱཊ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ལས་ འཐུས་བརྒྱ་ཆ་༨ མི་ཕོག་དོ་ཡོདཔ་ཨིན་པས།
སྣུམ་འཁོར་བཅོ་ཁང་གི་ དངུལ་རྩིས་འགོ་དཔོན་ སང་གི་ཏ་གིས་འབད་བ་ཅིན་ འཐུས་བཟུམ་ཅིག་སྦེ་ དངུལ་ཀྲམ་བརྒྱ་ཆ་༨ ཐེབས་ལེན་མིའི་ ལམ་ལུགས་དེ་ དངུལ་ཀྲམ་དེ་ རུ་པི་ལུ་ བརྗེ་སོར་འབད་བའི་སྐབས་ གཞན་ཚོང་པ་ཚུ་གིས་ འཐུས་བརྒྱ་ཆ་༨ ལེན་མི་ལུ་བརྟེན་ ཁོང་ཡང་ ཐབས་མེད་པར་ ལེན་དགོཔ་ཐོནམ་མས་ཟེར་ཨིནམ་ད་ དེ་སྦེ་མ་འབད་བ་ཅིན་ ཁོང་ལུ་ གྱོང་རྒུད་འདུག་ཟེར་ སླབ་ཨིན་པས།
མོ་གིས་སླབ་མིའི་ནང་ མཱསི་ཊར་ཀཱཊ་དང་ ཝི་ཟ་ཀཱཊ་ཡོད་པ་ཅིན་ དངུལ་ཀྲམ་ལས་ རུ་པི་ལུ་ བརྗེ་སོར་འབད་ཚུགས་དོ་ཡོདཔ་ལས་ འཐུས་ལེན་ནི་མེད་ཟེར་ཨིནམ་ད་ ཁོང་གིས་འབད་བ་ཅིན་ དེ་བཟུམ་གྱི་དཀའ་ངལ་དེ་ འབྲུག་ལུ་ རུ་པི་མ་ལང་པའི་དཀའ་ངལ་ལུ་བརྟེན་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཚོང་པ་ཚུ་གི་ དངུལ་གྱི་རྩིས་ཁྲ་བཏོན་བཏངམ་ལས་ཚུར་ ཐོན་ཡི་ཟེར་ཨིནམ་ད་ དེ་ཡང་ རྩིས་ཁྲ་ཡོད་པ་ཅིན་ དངུལ་ཀྲམ་དེ་ རུ་པི་ལུ་ བརྗེ་སོར་འབད་ཚུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
བཅོ་ཁང་ནང་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་བཅོ་མི་༥༠ དང་༡༠༠ གི་བར་ན་ འོང་དོ་ཡོད་མི་ལས་ བརྒྱ་ཆ་༩༠ དེ་ཅིག་ འབྲུག་མི་ཚུ་ཨིནམ་ད་ བཅོ་ཁང་གི་ ལས་བྱེདཔ་ཚུ་གིས་འབད་བ་ཅིན་ འབྲུག་མི་མེད་པ་ཅིན་ ཁོང་གི་ཚོང་འབྲེལ་ ལེགས་ཤོམ་འགྱོ་མི་ཚུགས་ཟེར་ སླབ་ཨིན་པས།
དེ་ཡང་ སྣུམ་འཁོར་བཅོ་ཁ་རྐྱབ་ནིའི་ ཞབས་ཏོག་བྱིན་མི་ལས་ ཉིན་བསྟར་བཞིན་དུ་ འོང་འབབ་རུ་པི་༧༠,༠༠༠ དང་༡༠༠,༠༠༠ དེ་ཅིག་ ཐོབ་མི་དེ་གིས་ ལས་བྱེདཔ་བརྒྱ་ལས་བཅད་དེ་ཡོད་མི་ཚུ་གི་ ཟླ་རིམ་དངུལ་ཕོགས་ སྤྲོད་ཚུགསཔ་མ་ཚད་ ཁེ་སང་ཡང་ལེགས་ཤོམ་སྦེ་ བཟོ་ཚུགས་དོ་ཡོདཔ་ཨིན་པའི་གནས་ཚུལ།


 
ཕུན་ཚོགས་གླིང་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment