གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩ་ཁྲིམས་ཅན་གྱི་ གཙུག་སྡེ་༢ ཀྱིས་ དགོངས་ཕོག་བཀའ་རྒྱ་ཚུ་གི་ བདེན་ཁུངས་བཟང་ནི།

༢༣/༡༡/༢༠༡༢   ༉ ད་རིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འཐུས་ཚབ་ཚུ་གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་དང་ ནང་སྲིད་བློན་པོ་གཉིས་ དགོངས་ཕོག་བཏོན་ནི་གི་ འོས་འབབ་ཡོད་ལུགས་དང་ ཕྱོགས་གཞན་གྱི་ ཁ་ཐུག་ལས་ དགོངས་ཕོག་བཀའ་རྒྱ་བསྟར་སྤྱོད་འབད་དགོ་པའི་ ཁུངས་གསལ་ཞུ་ནི་ཨིན་པས།


དེ་ཡང་ ཁ་ཙ་ ཁུངས་གསལ་སྙན་གསན་མཛད་སྐབས་ ཆེ་མཐོ་ཁྲིམས་འདུན་གྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཚུ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཚོགས་དཔོན་དང་ ནང་སྲིད་བློན་པོ་གཉིས་ལུ་ དགོངས་ཕོག་བཀའ་རྒྱ་བཏོན་མི་དེ་ ཁྲིམས་འདུན་གྱིས་ ག་ཅི་སྦེ་ ཆ་མེད་གཏང་དགོཔ་ཨིན་ནའི་ བདེན་ཁུངས་བཟང་དགོཔ་སྦེ་ བཀའ་རྒྱ་གནང་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མོང་སྒར་རྒྱལ་པོའི་ཞིང་ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་བགྲེསཔ་ ཚོགས་དཔོན་དང་ ནང་སྲིད་བློན་པོ་ལུ་ ཁྲོམ་ས་བགོ་བཀྲམ་ནང་ དབང་ཚད་ལོག་སྤྱོད་དང་ ཚུལ་མིན་ལག་ལེན་ལ་སོགས་པའི་ ཉེས་རྩོད་ཀྱི་ ཉེས་འཛུགས་འབད་དེ་ རྫོང་ཁག་ཁྲིམས་འདུན་ལུ་ ཐོ་བཀོད་འབད་བའི་ཤུལ་ལུ་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་དང་འཁྲིལ་ སྤྱི་ཟླ་༡༡ པའི་ཚེས་༡༥ ལུ་ དགོངས་ཕོག་བཀའ་རྒྱ་བཏོན་ཡོདཔ་ཨིན་པས།
དེ་ལས་ ཉིན་གྲངས་༤ གི་རྒྱབ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དགོངས་ཕོག་བཀའ་རྒྱ་བཏོན་མི་དེ་ ཁྲིམས་མཐུན་མིན་པའི་ཁར་ ཐག་རང་བཅད་ཀྱི་ ལག་ལེན་ཅིག་ཨིནམ་ལས་ ཆེ་མཐོ་ཁྲིམས་འདུན་གྱིས་ ཆ་མེད་གཏང་ནི་དང་ ཡང་ཅིན་ གནས་སྐབས་ཅིག་ བསྟར་སྤྱོད་འབད་ནི་ལས་ མཚམས་འཇོག་འབད་དགོ་པའི་ ཞུ་བ་ཕུལ་ནུག།
ཁ་ཙ་ སྙན་གསན་སྐབས་ དྲང་དཔོན་ཚུ་གིས་ སླབ་མིའི་ནང་ རྒྱལ་པོའི་ཞིང་གི་ རྩོད་དོན་དེ་ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཐོ་བཀོད་འབད་ཡོདཔ་ལས་ རྫོང་ཁག་ཁྲིམས་འདུན་ལུ་ དབང་ཚད་ཁྱབ་ཁོངས་ཡོད་རུང་ ཆེ་མཐོ་ཁྲིམས་འདུན་ལས་ བཀའ་རྒྱའི་གསལ་ཞུ་འབད་དགོ་པའི་ རྒྱུ་མཚན་ག་ཅི་ཨིན་ན་ ཁུངས་སྐྱེལ་དགོ་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ ཞུ་མིའི་ནང་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༡ པའི་རྩ་དོན་༡༠ པའི་ནང་ ཆོ་མཐོ་ཁྲིམས་འདུན་གྱིས་ འབྲེལ་གནད་ཅིག་གི་ སྐབས་དོན་ལུ་ འོས་འཚམས་ལྡན་པའི་གསལ་བསྒྲགས་ ཡང་ན་ བཀའ་རྒྱ་ བཀོད་ཁྱབ་ བཀའ་ཡིག་ཚུ་ གནང་ཆོག་མི་ལུ་བརྟེན་ དགོངས་ཕོག་བཀའ་རྒྱ་གནས་སྐབས་ཅིག་ ཆ་མེད་ཀྱི་ བཀའ་རྒྱ་གནང་དགོ་པའི་ གསོལ་འདེབས་ཞུཝ་ཨིན་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ དགོངས་ཕོག་བཀའ་རྒྱ་བཏོན་མི་ལུ་ ཁྲིམས་མཐུན་ག་དེ་སྦེ་ཡོདཔ་ཨིན་ན་ ཁྲིམས་འདུན་ལས་ དོན་འགྲེལ་གནང་དགོ་པའི་ ཞུ་བ་ཕུལ་མི་དེ་ཡང་ སྤྱི་ཚོགས་ཀྱི་ འཐུས་མི་གཉིས་ དགོངས་ཕོག་བཏོན་ནི་གི་དབང་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ མེད་ནི་དེ་གིས་ཨིན་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཅིག་གིས་ ཞུ་ཡི།
ཁོ་གིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱི་ དོན་ཚན་༡༦༧ པ་དང་འཁྲིལ་ ལྷན་ཚོགས་ལུ་ སྤྱི་གཡོགཔ་དགོངས་ཕོག་གཏང་ནི་གི་ དབང་ཚད་ཡོད་རུང་ དོན་ཚད་༡༦༨ པའི་ནང་ མི་མང་སྤྱི་གཡོགཔ་གང་རུང་ཅིག་ དགོངས་ཕོག་བཏོན་དགོ་པ་ཅིག་ འབྲེལ་ཡོད་འགོ་འཛིན་ལུ་ སྙན་ཞུ་འབད་དགོཔ་སྦེ་ཡོད་ཟེར་ཨིན་པས།
ངན་ལྷད་བཀང་སྡོམ་ལྷན་ཚོགས་ཀྱི་ ངོ་ཚབ་ཀྱིས་འབད་བ་ཅིན་ ཚོགས་དཔོན་དང་ ནང་སྲིད་བློན་པོ་ལུ་ དགོངས་ཕོག་བཀའ་རྒྱ་བཏོན་མི་དེ་ སྒྲིག་ཁྲིམས་དང་འབྲེལ་བའི་ ངོས་ལེན་སྦེ་མིན་པར་ བདག་སྐྱོང་དང་འབྲེལ་བའི་ བྱ་སྒོ་ལམ་ལུགས་དང་འཁྲིལ་ཨིནམ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དགོངས་ཕོག་བཀའ་རྒྱ་ལུ་ རྒྱབ་འགལ་འབད་དགོ་པའི་ གནད་ཁུངས་ག་ཅི་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
རྩ་ཁྲིམས་ཅན་གྱི་ གཙུག་སྡེ་༢ མཉམ་འབྲེལ་ཐོག་ལས་ ལཱ་འབད་དེ་ ལོ་༧ སོང་བའི་རིང་ལུ་ ཉེས་རྩོད་༤༧ ཁྲིམས་ཀྱི་འདུན་སར་ ཉེས་བཤེར་འབད་ཡོདཔ་མ་ཚད་ མི་མང་སྤྱི་གཡོགཔ་༧༢ དགོངས་ཕོག་བཏོན་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁ་ཐུག་ལས་ ཉོགས་བཀོད་ག་ནི་ཡང་ བཀོད་བཀོདཔ་མེད་རུང་ ད་རིས་ བློན་པོ་༢ ཀྱི་ཐད་ལུ་ལྷོདཔ་ད་ ཉོགས་བཤད་བརྡུང་མི་དེ་ ག་ཅི་ཨིན་ན་ ཧ་གོ་མ་ཚུགས་ཟེར་ ལྷན་ཚོགས་ཀྱི་ ངོ་ཚབ་དེ་གིས་ ཞུ་ཡི།
ཨིན་རུང་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ ད་རིས་ ནན་བསྐྱར་དུ་ ཆེ་མཐོ་ཁྲིམས་འདུན་ལུ་ བདེན་ཁུངས་བཟང་ནི་ཨིན་པའི་གནས་ཚུལ།



 
རིག་འཛིན་དབང་ཕྱུག།

No comments:

Post a Comment