གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་ཤོས་ཀྱིས་ ཕྱགས་སྙིགས་བཀག་འཛིན་དང་ འཛིན་སྐྱོང་སྒྲིག་གཞི་ལུ་ གནས་དོ་ཡོདཔ།

༢༢/༡༡/༢༠༡༢   ༉ དུས་ཅི་ སྤྱི་ཟླ་༤ པའི་ནང་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ སྤྱི་ལོ་༢༠༡༢ ཅན་མའི་ ཕྱགས་སྙིགས་བཀག་འཛིན་དང་ འཛིན་སྐྱོང་སྒྲིག་གཞི་གི་ ལག་ལེན་འཐབ་ནི་ འགོ་བཙུགས་ཞིནམ་ལས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཉེས་བྱ་བསྡོམས་ དངུལ་ཀྲམ་༤༣༤,༤༠༠ བཀལ་མི་ལས་ དངུལ་ཀྲམ་༧༨,༧༠༠ བསྡུ་ལེན་འབད་ནུག།
མི་མང་གི་ས་ཁོངས་ཚུ་ནང་ ག་ལྷོད་བཀོག་བཞག་མི་ ཕྱགས་སྙིགས་རག་རོ་ཚུ།
རུལ་བཏུབ་དང་མ་བཏུབ་པའི་ ཕྱགས་སྙིགས་ཚུ་ བཀོ་སའི་ཧོད།


དེ་ཡང་ སྒྲིག་གཞི་ལག་ལེན་འཐབ་ནི་ འགོ་བཙུགས་པའི་ བདུན་ཕྲག་ནང་ར་ བཟོ་སྐྲུན་གྱི་ ཕྱགས་སྙིགས་དང་རག་རོ་ཚུ་ ཕྱགས་སྙིགས་འཛིན་སྐྱོང་གིས་ ངོས་འཛིན་མ་འབད་བའི་ས་ཁོངས་ནང་ བཀོག་བཞག་མི་ལུ་བརྟེན་ ཉེས་བྱ་དངུལ་ཀྲམ་༡༨༩,༠༠༠ བསྡུ་ལེན་འབད་ཡོདཔ་ཨིན་པས།
ཤོག་གུ་ལ་སོགས་པའི་ ཕྱགས་སྙིགས་རག་རོ་ཚུ་ མི་མང་གི་ས་ཁོངས་ནང་ ག་ལྷོད་བཀོག་བཞག་མི་ཚུ་ལས་ ཉེས་བྱ་དངུལ་ཀྲམ་༤,༠༠༠ དང་ ཁྲོམ་སྡེ་ལས་འཛིན་གྱིས་ ཆ་འཇོག་མེད་པའི་ས་ཁོངས་ཚུ་ནང་ ཕྱགས་སྙིགས་སྤུངས་བཞག་མི་ཚུ་ལས་ ཉེས་བྱ་དངུལ་ཀྲམ་༣༤,༠༠༠ བསྡུ་ལེན་འབད་ཡོདཔ་ཨིན་པས།
ཁྲིམས་ཡིག་དང་འཁྲིལ་འབད་བ་ཅིན་ ཉིན་ཞག་༧ གྱི་ནང་འཁོད་ལུ་ ཉེས་བྱ་བཏབ་དགོཔ་མ་ཚད་ ག་དེམ་ཅིག་སྦེ་ བཏབ་མ་ཚུགས་པ་ཅིན་ ཁྲིམས་ལུགས་དང་ ཡང་ཅིན་ བདག་སྐྱོང་གི་ ངོས་ལེན་དང་འཁྲིལ་ཏེ་ ཉེས་ཁྲིམས་ཕོག་ནི་ཨིན་པས།
ཕྱགས་སྙིགས་འཛིན་སྐྱོང་ ལེགས་ཤོམ་འཐབ་ནིའི་དོན་ལུ་ ཕྱགས་སྙིགས་ཡང་ སྨན་ཁང་གི་ ཕྱགས་སྙིགས་དང་ གྲོང་གསེབ་ཀྱི་ལཱ་དང་འབྲེལ་བའི་ཕྱགས་སྙིགས་ བཟོ་གྲྭ་འཕྲུལ་ཁང་དང་འབྲེལ་བའི་ཕྱགས་སྙིགས་ གློག་རིག་གི་ཕྱགས་སྙིགས་ཚུ་འབདཝ་ད་ ཁག་༤ དབྱེ་སྟེ་ཡོད་ས་ལས་ ད་ལྟོ་ཚུན་ སྨན་དང་ གློག་རིག་དང་འབྲེལ་བའི་ཕྱགས་སྙིགས་ཀྱི་ དཀའ་ངལ་དང་བྱེལཝ་ག་ནི་ཡང་མ་ཐོན་པའི་ཁར་ ཉེས་བྱ་ཡང་ བཀལ་དགོཔ་མ་ཐོནམ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱི་ མཐའ་འཁོར་ཞིབ་དཔྱོདཔ་ ཚེ་བརྟན་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ ཉིན་བསྟར་ཡིག་ཚང་གི་ དུས་ཚོན་ཚང་ཞིནམ་ལས་དང་ གཞུང་གི་ངལ་གསོ་དང་ བདུན་ཕྲག་གི་ ངལ་གསོའི་སྐབས་ ཕྱི་རུའི་ཆུ་ཚོད་༣ ལས་༡༡ ཚུན་ཚོད་ ཕྱགས་སྙིགས་ག་ལྷོད་བཀོ་མི་བཀོ་ ལྟ་རྟོག་འབད་མི་བཙུགས་ཏེ་ཡོད་རུང་ ཕྱགས་སྙིགས་བཀོག་མི་ཚུ་ དེ་འཕྲོ་ལས་ བཟུང་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
ཨིན་རུང་ ཕྱགས་སྙིགས་བཀོག་མི་ མང་ཤོས་ར་ ཁྲིམས་ལུགས་དང་སྒྲིག་གཞི་ ཧ་མ་གོ་ཚུ་ཨིནམ་ད་ ཁོང་གིས་ ཕྱགས་སྙིགས་བཀོ་སར་མཐོང་པ་ཅིན་ དེ་འཕྲོ་ལས་ ཉེས་བྱ་མ་བཀལ་བར་ བསླབ་བྱ་དང་ ཁྲིམས་ལུགས་དང་སྒྲིག་གཞི་གི་སྐོར་ལས་ ལེགས་ཤོམ་སྦེ་ བཤད་བྱིན་དོ་ཡོདཔ་ད་ གལ་སྲིད་ ཤེསཔ་མཐོང་མི་ཚོང་པ་ཚུ་གིས་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོ་བ་ཅིན་ ཐད་ཀར་དུ་ ཉེས་བྱ་བཀལ་ནི་ཡོད་ཟེར་ ཁོ་གིས་སླབ་ཨིན་པས།
ད་རུང་ ཁོ་གིས་ སླབ་མིའི་ནང་ ད་རེས་ མི་བརྒྱ་ཆ་༧༠ དེ་ཅིག་གིས་ སྒྲིག་གཞིའི་སྐོར་ལས་ ཧ་གོ་ཡོདཔ་ལས་ ཚོང་དང་ཅ་ཆས་ཀྱི་རག་རོ་ཚུ་ ཁྲོམ་ལམ་བདའ་སྟེ་ བཀྲམ་བཙོང་ནི་དང་ དེ་དང་འབྲེལ་བའི་བྱེལཝ་ཚུ་ཡང་ རྩ་ལས་ར་ མཐོང་ས་མེདཔ་སྦེ་ བཟོ་ཚུགས་ཅི་ཟེར་ཨིན་པས།
ཕྱགས་སྙིགས་མར་ཕབ་ཀྱི་དོན་ལུ་ ཐིམ་ཕུ་ཁྲོམ་གྱི་ ས་ཁོངས་ཚུ་ནང་གི་ སྒྲིང་ཁྱིམ་ཚུ་ལས་ཐོན་མི་ ཕྱགས་སྙིགས་སྐམ་དང་ རློནམ་ཚུ་ སོ་སོར་བླུགས་སའི་ལྷོད་༢ རེ་ བཀྲམ་སྤེལ་འབད་ནིའི་ ཕྱགས་སྙིགས་འཛིན་སྐྱོང་གི་ ལས་འགུལ་གསརཔ་ཅིག་ འགོ་བཙུགས་ཡོདཔ་ད་ ཆུ་བར་ཆུའི་ས་ཁོངས་ནང་ བཀྲམ་སྤེལ་འབད་ཚར་ཡོད་རུང་ གཞན་ས་ཁོངས་ཚུ་ནང་ཡང་ མགྱོགས་པ་ར་བཀྲམ་སྤེལ་འབད་ཚར་བའི་ རེ་བ་ཡོདཔ་ཨིན་པས།
ལས་འགུལ་དེ་ གསརཔ་ཅིག་ཨིནམ་ལས་ སློབ་གྲྭ་ཡོད་ཚད་གཅིགཔ་དང་ མི་སྡེ་ཚུ་ནང་ གོ་བ་བརྡ་སྤྲོད་འབད་དགོ་ནི་དེ་གིས་ དུས་ཡུན་འགོར་ནི་ཨིན་རུང་ ལས་འགུལ་དེ་ མཇུག་བསྡུ་ཞིནམ་ལས་ ཕྱགས་སྙིགས་ཀྱི་ལྷོད་ཚུ་ ཚུལ་བཞིན་དུ་ ལག་ལེན་མ་འཐབ་མི་ཚུ་ལུ་ ཉེས་བྱ་དང་ ཁྲལ་གྱི་ལམ་ལུགས་ཅིག་ཡང་ འགོ་བཙུགས་ནི་ཟེར་ ལས་འགུལ་རྒྱབ་སྐྱོར་འགོ་དཔོན་ བསོད་ནམས་བཀྲ་ཤིས་ཀྱིས་ བཤདཔ་ཨིན་པས།
གཞན་ཁྲོམ་སྡེ་ཚུ་ནང་ཡང་ དེ་བཟུམ་མའི་ ཕྱགས་སྙིགས་བཀག་འཛིན་དང་ འཛིན་སྐྱོང་གི་སྒྲིག་གཞི་ འགོ་བཙུགས་ནིའི་ འཆར་གཞི་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།



ནོར་འཛིན་ལྷ་མོ།

No comments:

Post a Comment