གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་དཔོན་ཚུ་ལུ་ རྒྱབ་སྐྱོར་དང་ངོས་འཛིན་ གང་དྲག་འབད་ནི་ཨིནམ།

༡༧/༡༡/༢༠༡༢   ༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བསམ་རྩེ་ལུ་ ཕེབས་གནང་པའི་ཤུལ་ལས་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ སློབ་དཔོན་སློབ་སྦྱོང་འབད་མི་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་པའི་སྐབས་ རྒྱལ་ཁབ་ཀྱི་ མ་འོངས་པའི་དོན་ལུ་ ཁག་ཆེ་ཤོས་དེ་ར་ ན་གཞོན་ཚུ་ལུ་ ཤེས་ཡོན་ལེགས་ཤོམ་བྱིན་ནི་དེ་ཨིན་ཟེར་ གསུངས་གནང་ཡི།
ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ སློབ་དཔོན་སློབ་སྦྱོང་འབད་མི་ཚུ་ལུ་ གསུང་བཤད་གནང་པའི་བསྒང་།


མནོ་བསམ་ག་དེ་སྦེ་བཏང་རུང་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ གསེར་སྲང་བརྒྱ་ལས་ཡོན་ཏན་སྣ་ཅིག་དགའ་ཟེར་ གསུངས་གནང་མི་དེ་ བདེན་ར་བདེན་པས་ཟེར་གསུངས་ཡི།
མི་དབང་མཆོག་གིས་ ད་རེས་ སློབ་སྦྱོང་འབད་བའི་བསྒང་ཡོད་མི་ཚུ་ སློབ་སྦྱོང་མཇུག་བསྡུ་བའི་ཤུལ་ལས་ སློབ་དཔོན་ལེགས་ཤོམ་ཅིག་ལུ་འགྱུར་བའི་ རེ་བ་ཡོདཔ་མ་ཚད་ སློབ་ཕྲུག་ཚུ་ལུ་ སེམས་ཤུགས་བྱིན་ཚུགས་པའི་ རེ་འདུན་ཡོད་ཟེར་ གསུངས་གནང་ཡི།
སློབ་སྦྱོང་མཇུག་བསྡུ་བའི་བསྒང་ལས་ ད་འབདན་ ཡོན་ཏན་ལྷབ་ཚར་ཡི་ཟེར་བའི་ མནོ་བསམ་མ་བཏང་བར་ རང་གི་མི་ཚེ་གཅིག་ནང་ ཡོན་ཏན་ཚུ་ འཕྲོ་མཐུད་དེ་ར་ ལྷབ་དགོཔ་དེ་ ཁག་ཆེ་ཟེར་ གསུངས་ཡོདཔ་ད་ གལ་སྲིད་ སློབ་སྦྱོང་མཇུག་བསྡུ་བའི་ཤུལ་ལས་ ཡོན་ཏན་ལྷབ་ནི་དེ་ བཤོལ་བཞག་པ་ཅིན་ དུས་ཡུན་རིང་སུ་འགྱོཝ་དང་བསྟུན་ ཧེ་མ་ལྷབ་མི་ཡོན་ཏན་ཚུ་ཡང་ བརྗེད་འགྱོཝ་ཨིན་ཟེར་གསུངས་ཡི།
མི་དབང་མཆོག་གིས་ གསུངས་མིའི་ནང་ སློབ་དཔོན་ལེགས་ཤོམ་ཡོད་པ་ཅིན་ སློབ་ཕྲུག་ཚུ་གིས་ ཁ་སླབ་ཐངས་དང་ གོ་ལ་གྱོན་ཐངས་ཚུ་ལུ་བལྟ་སྟེ་ སློབ་གྲྭ་ག་ཏེ་ལས་ཨིན་ན་ ཤེས་ཚུགསཔ་ལས་ ཁྱེད་ཚུ་གིས་འབད་རུང་ རང་སོའི་ སློབ་གྲྭ་གི་དོན་ལུ་ ཁྱད་ཆོས་ག་བཟུམ་ཅིག་ལུ་ གཙོ་བོར་བཏོན་ནི་ཨིན་ན་ མནོ་བསམ་གཏང་དགོ་ཟེར་ཨིན་པས།
གལ་སྲིད་ སློབ་གྲྭ་གསརཔ་ཨིན་པའི་ཁར་ སློབ་དཔོན་ཡང་ ཉམས་མྱོང་མེད་པ་ཅིན་ སློབ་གྲྭ་དེ་ནང་ལས་ སློབ་ཕྲུག་སྟོང་ཕྲག་ལས་བཅད་མི་ཚུ་ ག་དེམ་ཅིག་ ཤེས་ཡོན་མཐར་འཁྱོལ་རུང་ གཞན་ལས་ ངོས་འཛིན་བྱུང་མི་ཚུགས་ཟེར་ གསུངས་ཡི།
དེ་འབད་ནི་འདི་གིས་ ཁྱོད་རའི་ སློབ་ཕྲུག་ཚུ་ལུ་ སྙིང་པོ་ག་བཟུམ་ཅིག་ སྤྲོད་ནི་ཨིན་ན་དང་ དེ་དང་གཅིག་ཁར་ སློབ་ཕྲུག་ཚུ་གིས་ རང་སོའི་ མ་འོངས་པའི་གནས་སྟངས་ཚུ་ ཉེན་སྲུང་འབད་ནིའི་དོན་ལུ་ ཅ་ཆས་ག་བཟུམ་ཅིག་ སྤྲོད་ནི་ཨིན་ནའི་སྐོར་ལས་ ཧ་གོ་དགོ་ཟེར་ཨིནམ་ད་ ཁྱེད་ཆ་ཁྱབ་ སློབ་དཔོན་འབད་བའི་བསྒང་ལས་ སློབ་ཕྲུག་ཚུ་གི་ བསམ་སྤྱོད་དང་ འབད་བཞག་ཚུ་ ལེགས་ཤོམ་བཟོ་ནི་ལུ་ ཁས་བླངས་འབད་དགོ་ཟེར་ཨིན་པས།
མི་དབང་མཆོག་གིས་ སྦྱོང་བརྡར་བ་ཚུ་ལུ་ གསུངས་མིའི་ནང་ རང་གིས་འབད་མི་ལཱ་ཚུ་ལུ་ ཡིད་ཆེས་བསྐྱེད་པའི་ཁར་ སེམས་དགའ་དགོཔ་མ་ཚད་ དད་དམ་གྱི་སྒོ་ལས་ ལཱ་འབད་དགོ་ཟེར་གསུངས་ཡི།
སློབ་སྦྱོང་མཇུག་བསྡུ་ཞིནམ་ལས་ སློབ་དཔོན་གྱི་ལཱ་དེ་ མི་དགའ་བས་ཟེར་ མནོ་བ་ཅིན་ ཐབས་ལམ་གཞན་གྱི་སྒོ་ལས་སྦེ་ གཞུང་གི་ཕྱག་ཞུ་དགོ་ཟེར་ཨིནམ་ད་ དགའ་དང་མ་དགའ་༢ བརྒྱ་ཆ་༥༠ རེ་སྦེ་ སྡོད་ནི་མི་འོང་ཟེར་ མི་དབང་མཆོག་གིས་གསུངས་ཡི།
ཤུལ་ལས་ རྒྱལ་ཁབ་ནང་ ཁྱེད་ཀྱིས་ སློབ་དཔོན་སྦེ་ ཕྱག་ཞུ་བའི་སྐབས་ལུ་ སློབ་སྟོན་འབད་ནི་རྐྱངམ་གཅིག་མིན་པར་ སློབ་ཕྲུག་འདྲ་མིན་སྣ་ཚོགས་དང་ འབྲེལ་བ་འཐབ་དགོཔ་འཐོན་ནི་ཨིནམ་ལས་ སློབ་དཔོན་ཚུ་ དྲནམ་ཁུག་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
མི་དབང་མཆོག་གིས་ ཨ་ལུ་ཚུ་ དཔེ་འབད་བ་ཅིན་ སྒོང་རྡོག་བཟུམ་ཅིག་ཨིནམ་ལས་ སློབ་དཔོན་ཚུ་གིས་ ཁོང་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ འཛོལ་བ་དུམ་གྲ་ཅིག་གིས་ ཁོང་ཆ་ཁྱབ་ མེདཔ་གཏང་ཚུགས་ནི་དང་ ལེགས་ཤོམ་དུམ་གྲ་ཅིག་ འབད་བྱིན་མི་དེ་གིས་ ལེགས་ཤོམ་བཟོ་ཚུགས་ཟེར་ གསུངས་གནང་ཡི།
མི་དབང་མཆོག་གིས་ རྒྱལ་ཁབ་འདི་ ལེགས་ཤོམ་འགྱོ་དགོ་པ་ཅིན་ ལྕོགས་གྲུབ་ཅན་དང་ ཁྱད་རིག་ཅན་གྱི་ སློབ་ཕྲུག་ཚུ་དགོ་ཟེར་ཨིནམ་ད་ དེ་ཡང་ ག་དེ་སྦེ་ འབད་ནི་ཨིན་ན་ ཁྱེད་ཀྱི་ལག་པར་ཡོདཔ་ལས་ ང་རང་གིས་འབད་རུང་ སློབ་དཔོན་ཚུ་ གནམ་མེད་ས་མེད་ ཁག་ཆེ་ཤོས་ཅིག་སྦེ་ བརྩི་དོ་ཟེར་གསུངས་ཡི།
སློབ་དཔོན་ཚུ་ལུ་ བློ་གཏད་སྦོམ་ཡོད་པའི་ཁར་ གཞུང་གི་ལས་སྡེ་ གཞན་ཚུ་དང་ཕྱདཔ་ད་ ག་བ་ཡང་ལྷག་པའི་ རྒྱབ་སྐྱོར་དང་ངོས་འཛིན་ སློབ་དཔོན་ཚུ་ལུ་ འབད་ནི་ཨིན་ཟེར་ གསུངས་གནང་ཡི།
དེ་དང་གཅིག་ཁར་ མི་དབང་མཆོག་གིས་ བསམ་རྩེ་རྫོང་ཁག་བདག་སྐྱོང་དང་ ས་གནས་གཞུང་གི་ འགོ་དཔོན་ཚུ་དང་ མཇལ་ཕྲད་གནང་ཡོདཔ་མ་ཚད་ བསྟན་སྲུང་དམག་སྡེའི་ འགོ་དཔོན་ཚུ་དང་ཡང་ མཇལ་ཕྲད་གནང་ཡོད་པའི་གནས་ཚུལ།

བསམ་རྩེ་ལས་ ཉི་མ་དབང་འདུས།

No comments:

Post a Comment