གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནགས་ཚལ་མེ་རྐྱེན་ཁྲིམས་ལུགས་ ཆ་འཇོག་འབད་ཡོདཔ།

༡༦/༡༡/༢༠༡༢   ཁྲིམས་ལུགས་དང་འཁྲིལཝ་ད་ ནགས་ཚལ་མེ་བཏང་མི་ཚུ་གིས་ ཉེས་བྱ་མཐོ་ཤོས་དངུལ་ཀྲམ་༥༠,༠༠ དང་ དམའ་ཤོས་དངུལ་ཀྲམ་༡༠,༠༠༠ དང་གཅིག་ཁར་ རྒུད་འཐུས་དང་ མེ་བསད་ཀྱི་ཟད་འགྲོ་ཚུ་ཡང་ སྤྲོད་དགོཔ་ཨིན་པས།

༉ ནགས་ཚལ་མེ་རྐྱེན་གྱི་ ཁྲིམས་ལུགས་ཟིན་བྲིས་དེ་ སོ་ནམ་དང་ནགས་ཚལ་བློན་པོ་གིས་ ཆ་འཇོག་འབད་ཡོདཔ་ལས་ ད་ལས་ཕར་ ནགས་ཚལ་མེ་རྐྱེན་བྱུང་བའི་སྐབས་ལུ་ ཁྲིམས་ལུགས་དེ་ ལག་ལེན་འཐབ་ནི་ཟེར་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ གནས་ཚུལ་གསར་བཏོན་འབད་ནུག།


ཁྲིམས་ལུགས་དེ་གི་དོན་ཚན་༩ པའི་ ནགས་ཚལ་མེ་རྐྱེན་གྱི་ འབྱུང་ཁུངས་དང་ ཉེས་བྱ་དང་ཉེས་ཁྲིམས་ཚུ་ བཀོད་ཡོད་པའི་རེའུ་མིག་ནང་གསལ་དང་འཁྲིལཝ་ད་ ལོ་ཐོག་བསྡུ་ཚར་མི་ རག་རོ་ཚུ་ མེ་གཏང་དགོ་པ་ཅིན་ ཉེ་འདབས་ཀྱི་ ནགས་ཚལ་ཡིག་ཚང་དང་ ཡང་ཅིན་ ཚོགས་པ་ལས་ གནང་བ་ལེན་དགོཔ་ཨིན་པས།
གནང་བ་ལེན་ཞིནམ་ལས་ ཞིང་ནང་གི་ རག་རོ་ཚུ་ མེ་བཏང་མི་ལུ་བརྟེན་ གལ་སྲིད་ ནགས་ཚལ་མེ་རྐྱེན་ཤོར་བ་ཅིན་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ དང་ མེ་རྐྱེན་ནང་འཚིགས་མི་ཤིང་ཚུ་གི་ སྤུས་ཚད་དང་བསྟུན་པའི་ ཚོང་འབྲེལ་གནས་གོང་གི་ རྒུད་འཐུས་ཚུ་ཡང་ བཏབ་དགོཔ་མ་ཚད་ མེ་གསད་ནིའི་དོན་ལུ་ ཟད་འགྲོ་གནས་མི་ཚུ་ཡང་ མེ་བཏང་མི་དེ་གིས་ གཞུང་ལུ་ ཕུལ་དགོ་ནི་ཨིན་པས།
གལ་སྲིད་ ནགས་ཚལ་མེ་རྐྱེན་དེ་ གནང་བ་མེད་པར་ ཞིང་ནང་གི་ རག་རོ་མེ་བཏང་པའི་སྐབས་ བྱུང་བྱུངམ་ཨིན་པ་ཅིན་ རྒུད་འཐུས་དང་ མེ་བསད་སྐབས་གནས་མི་ ཟད་འགྲོ་ཚུ་ ལོག་སྤྲོད་དགོ་པའི་ཁར་ ཉེས་བྱ་དངུལ་ཀྲམ་༥༠,༠༠༠ ཕོག་ནི་ཨིན་པས།
དེ་ལས་ གནང་བ་ལེན་ཐོག་ལས་ རག་རོ་ཚུ་ མེ་གཏང་ཆོག་པའི་ དུས་ཚོད་ལས་བརྒལ་སྟེ་ རག་རོ་མེ་བཏང་པ་ཅིན་ ཤོ་ཐེངས་རེ་ལུ་ ཉེས་བྱ་དངུལ་ཀྲམ་༥༠༠ དང་ གནང་བ་མེད་པར་ དེ་སྦེ་ རག་རོ་མེ་གཏང་ཆོག་པའི་ དུས་ཚོད་ལས་བརྒལ་ཏེ་ མེ་བཏང་བའི་གནད་དོན་ནང་ ཉེས་བྱ་དངུལ་ཀྲམ་༡༠༠༠ རེ་བཀལ་ནི་ཨིན་པས།
ཁྲིམས་ལུགས་དེ་དང་འཁྲིལཝ་ད་ ནགས་ཚལ་མེ་རྐྱེན་དེ་ གློག་མེའི་སྦྲེལ་མཐུད་ནང་ སྐྱོན་ཞུགས་མི་ལུ་བརྟེན་འབྱུང་པ་ཅིན་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ དང་ རྒུད་འཐུས་དང་ མེ་བསད་ཀྱི་ཟད་འགྲོ་ཚུ་ཡང་ ཕོག་ནི་ཨིན་པས།
གློག་མེའི་སྦྲེལ་མཐུད་ཀྱི་ གློག་ཐག་སྤྲིངས་ཡོད་མི་གི་ གློག་ཐག་བརྒྱུད་ལམ་བདའ་སྟེ་ ཉེན་སྲུང་གི་ཚལ་མ་བསལ་ཏེ་ མེད་པ་ཅིན་ ཉེས་བྱ་དེ་བཟུམ་མའི་ ས་གོ་ཀི་ལོ་མི་ཊར་རེ་ལུ་ དངུལ་ཀྲམ་༡༠ རེ་ བཀལ་ནི་ཨིན་པའི་ཁར་ གློག་མེ་བཀྲམ་སྤེལ་ཁང་གི་ ས་ཁོངས་ཚུ་ནང་གི་ རྩྭ་དང་ཚལ་མ་ཚུ་ མ་བསལ་བར་ཡོད་པ་ཅིན་ དེ་བཟུམ་མའི་ས་གོ་རེ་ལུ་ ཉེས་བྱ་དངུལ་ཀྲམ་༥༠༠ རེ་བཀལ་ནི་ཨིན་པས།
ལམ་སེལ་དང་འབྲེལ་བའི་ གནས་སྟངས་ལུ་བརྟེན་ ནགས་ཚལ་མེ་རྐྱེན་འབྱུང་པ་ཅིན་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ དང་ རྒུད་འཐུས་དང་ མེ་བསད་སྐབས་ཀྱི་ཟད་འགྲོ་ཚུ་ གཞན་དང་ཅོག་ར་འཐདཔ་སྦེ་ ཕོག་ནི་ཨིན་པའི་ཁར་ ལས་མི་ཚུ་གི་སྡོད་སྒར་གི་མཐའ་འཁོར་ཚུ་ ནགས་མེའི་ཉེན་སྲུང་དང་ལྡནཔ་སྦེ་ བསལ་དགོཔ་ད་ དེ་སྦེ་ མ་བསལ་བར་ཡོད་པ་ཅིན་ ཉེས་བྱ་དངུལ་ཀྲམ་༥༠༠ རེ་བཀལ་ནི་ཟེར་ཨིན་པས།
དེ་མ་ཚད་ ལམ་བདའ་སྟེ་ ལས་མི་ཚུ་གིས་ མེ་ལག་ལེན་འཐབ་ཆོག་པའི་ དུས་ཚོད་ལས་བརྒལ་ཏེ་ ལག་ལེན་འཐབ་སར་མཐོང་པ་ཅིན་ ཤོ་ཐེངས་རེ་ལུ་ ཉེས་བྱ་དངུལ་ཀྲམ་༥༠ རེ་བཀལ་ནི་དང་ དེ་ལས་ སྣུམ་འཁོར་ལ་སོགས་པ་ གནམ་དགུན་ས་སྣུམ་གྱི་རྒྱུན་ལམ་བཏག་སྟེ་ མེ་སྤར་ཐོག་ལས་ དྲོད་བཏག་བཅུད་པའི་སྐབས་ ནགས་མེ་བྱུང་པ་ཅིན་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ ཕོག་ནི་ཨིན་པས།
དེ་བཟུམ་སྦེ་ མེ་རྐྱེན་བྱུང་བའི་གནད་དོན་དང་བསྟུན་ ནགས་ཚལ་མེ་རྐྱེན་འབད་བའི་ ཉེས་བྱ་མཐོ་ཤོས་དངུལ་ཀྲམ་༥༠,༠༠༠ དང་ དམའ་ཤོས་དངུལ་༡༠,༠༠༠ རེ་དང་ མེ་རྐྱེན་ནང་མེདཔ་བཏང་མི་ ཤིང་གི་སྤུས་ཚད་དང་ གྱངས་ཁ་དང་བསྟུན་ རྒུད་འཐུས་བཏབ་དགོཔ་མ་ཚད་ མེ་བསད་པའི་སྐབས་ ཟད་འགྲོ་གནས་མི་ཚུ་ཡང་ མེ་རྐྱེན་ནང་འབྲེལ་བ་ཡོད་མི་དེ་ལུ་ ཕོག་ནི་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment