གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བེར་ཏི་གཡུས་ཚན་ནང་ བླམ་ཆོསཔ་མེད་པའི་དཀའ་ངལ།

༢༦/༡༡/༢༠༡༢   གསོན་གཤིན་གྱི་ རིམ་གྲོ་ཚུ་འབད་བའི་སྐབས་ལུ་ བླམ་ཆོསཔ་ཚུ་ ཐག་རིང་ས་ལས་ འཚོལ་བར་འགྱོ་དགོ་ནི་དེ་གིས་ དཀའ་སྡུག་བྱུངམ་མས་ཟེར་ཨིན་པས།
༉ གཞལམ་སྒང་རྫོང་ཁག་ ཀྲོང་རྒེད་འོག་གི་ བེར་ཏི་གཡུས་ཚན་ནང་ བླམ་ཆོསཔ་ ཕུད་རྡོག་༡ ཡང་མེད་ནི་དེ་གིས་ གཡུས་ཁའི་མི་ཚུ་ ལོ་ཆོག་གཏང་ནི་དང་ གཡུས་ཚན་ནང་ ན་ཚ་རེ་འབྱུང་པའི་སྐབས་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།


བེར་ཏི་གཡུས་ཚན་ལས་ སྐྱེས་ལོ་༣༢ ལང་མི་ གཅེས་གཅེས་ལ་གིས་ མོ་རའི་ཨ་ལུ་ཚུ་ ན་བའི་སྐབས་ལུ་ གཡུས་ཚན་ནང་ རིམ་གྲོ་འབད་མི་མེདཔ་ལས་ ལཱ་ཁག་སྦེ་ ཏིང་ཏི་སྦིས་ལས་ ཀི་ལོ་མི་ཊར་དག་པ་ཅིག་གི་ས་ཁར་ཡོད་མི་ རྟ་མང་བཤད་གྲྭ་ནང་ལས་ དགེ་སློང་ཚུ་ ཞུ་དོ་ཟེར་ཨིན་པས།
བཤད་གྲྭ་དེ་ དགེ་ལེགས་ཕུག་ལུ་འགྱོ་སའི་ གཞུང་ལམ་ཁར་ཨིནམ་ད་ བེར་ཏི་གཡུས་ཚན་དེ་ ཏིང་ཏི་སྦིས་ལས་ ཀི་ལོ་མི་ཊར་༦ དེ་ཅིག་གི་ས་ཁར་ མང་སྡེ་ཆུ་གི་ གཡོན་ཕྱོགས་ལུ་ ཆགས་ཡོད་ནི་དེ་གིས་ སྐྱེལ་འདྲེན་གྱི་དཀའ་ངལ་ཡང་ སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཡུས་ཚན་ནང་ཚུན་ ལྷོད་ནིའི་དོན་ལུ་ ཏིང་ཏི་སྦིས་ལས་ གླ་འཁོར་ནང་འབད་ ཞུ་དགོཔ་ལས་ གླ་ཆ་དངུལ་ཀྲམ་༥༠༠ རེ་ སྤྲོད་དགོཔ་ཐོན་པའི་ཁར་ འཕྲལ་འཕྲལ་ར་ དགེ་སློང་ཚུ་ ལོག་འགྱོ་ནི་གི་དོན་ལུ་ཡང་ གླ་འཁོར་ཚུ་ འཚོལ་དགོཔ་འབྱུངམ་མས་ཟེར་ཨིན་པས།
མོ་གིས་ དུས་ཅི་གི་ལོ་ནང་ ཨ་ལུ་ན་བའི་སྐབས་ ལན་ཐེངས་༢ བཤད་གྲྭ་ནང་ལས་ དགེ་སློང་ཚུ་ཞུ་དགོཔ་ཐོན་ནི་དེ་གིས་ དཀའ་ངལ་བྱུང་ཡི་ཟེར་ཨིནམ་ད་ གཡུས་ཚན་ནང་ བླམ་ཆོསཔ་ཚུ་ དགོཔ་ཁག་ཆེ་བས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ འདི་བཟུམ་མའི་ དཀའ་ངལ་ཅན་གྱི་ གནས་སྟངས་དེ་ ལོ་ངོ་༥ དེ་ཅིག་གི་ཧེ་མར་ གཡུས་ཚན་གྱི་ཆོསཔ་༣ གྱིས་ རྒེད་འོག་གཞན་ཁ་ལས་ གནས་ཚང་འཚོལ་ཏེ་ སོང་བའི་ཤུལ་ལས་ བྱུང་ཡི་ཟེར་ཨིནམ་ད་ ལམ་འགྱོ་སྟེ་ ཏིང་ཏི་སྦིས་ཚུན་ འགྱོ་དགོཔ་ད་ ཧེང་སྐལ་ར་ གནས་སྟངས་འདི་ སྐྱོ་དྲགས་ ཐལཝ་མས་ཟེར་ཨིན་པས།
དེ་མ་ཚད་ གཡུས་ཚན་གྱི་ ཐོག་ཚད་ཅིག་འབད་མི་ ལྷ་ཁང་ནང་ཡང་ དུས་བཟང་ཚུ་གི་སྐབས་ལུ་ གསུང་ཆོག་ནང་མི་མེད་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
གཡུས་མི་ཅིག་གིས་ གཡུས་ཁ་ལུ་ ཧེ་མ་ལས་ རྩིསཔ་ཅིག་ཡོད་མི་དེ་ གཡུས་ཁའི་མི་ཚུ་གིས་ ངོས་ལེན་ལེགས་ཤོམ་མེདཔ་ལས་  དེ་སྦེ་ར་ སྡོད་ནི་འདུག་ཟེར་ཨིན་པའི་ཁར་ ལྷ་ཁང་གི་ དཀོན་གཉེར་ཅིག་ཡོད་མི་དེ་གིས་ ག་ནི་ཡང་ འབད་མི་ཤེས་དོ་ཡོདཔ་ཨིན་པས།
དཀའ་ངལ་དེ་ལུ་ལྟ་སྟེ་ གཅེས་གཅེས་ལ་གིས་ མོ་རའི་ ལོ་༢ ལང་མི་ མཁལ་རྡོག་མེདཔ་ཐལ་མི་བུཚ་དེ་ དགེ་སློང་ནང་བཙུགས་ནི་སྦེ་ ཐག་བཅད་ཡོདཔ་ལས་ མ་འོངས་པ་ལུ་ གཡུས་ཚན་ནང་ ལོག་འོང་སྟེ་ ཁོ་རའི་མི་ཚེ་འཚོ་སྐྱོང་འཐབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
གཡུས་མི་གཞན་ཅིག་གིས་ སླབ་མིའི་ནང་ ཨ་ལུ་ཚུ་ ན་བའི་སྐབས་ལུ་ རིམ་གྲོ་འབད་མི་ ཐག་རིང་ས་ལས་ འཚོལ་བར་འགྱོ་དགོཔ་ལས་ བླམ་ཆོསཔ་ཚུ་ མ་ལྷོད་པའི་ཧེ་མ་ལས་ ནདཔ་ཤི་ནི་གི་ ཉེན་ཁ་འདུག་ཟེར་ བཤད་ཡོད་པའི་གནས་ཚུལ།


 
གཞལམ་སྒང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment