གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐུ་ཇག་འཕྲོག་༣ འབད་མི་ཉེས་ཅན་༣ ལུ་ བཙོན་ཁྲིམས་ལོ་༡༢ ལས་༡༣ གྱི་བར་ན་བཀལ་ཡོདཔ།

༡༥/༡༡/༢༠༡༢   ༉ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༢ པའི་ཚེས་༡༣ དང་༡༤ ལུ་ སྐྱེས་ལོ་༢༠ ལང་མི་ ན་གཞོན་༣ གྱིས་ རྐུ་ཇག་འཕྲོག་༣ འབད་མི་ལུ་ བཙོན་ཁྲིམས་ལོ་༥ དང་ ཟླ་༣ རེ་བཀལ་ཡོད་མི་དེ་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ བསྒྱུར་བཅོས་འབད་དེ་ བཙོན་ཁྲིམས་ལོ་༡༢ ལས་༡༣ གྱི་བར་ན་ བཀལ་ཡོདཔ་ཨིན་པས།


མཐོ་གཏུགས་པ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྫོང་ཁག་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་གྱི་འདུན་ས་ལུ་ ཕུལ་ཡོདཔ་ཨིན་པས།
དེ་ཡང་ སྐྱེས་ལོ་༢༠ འབད་མི་ དབང་འདུས་ཕོ་བྲང་རྫོང་ཁག་གི་ མིག་དམར་འབྲུག་པ་དང་ ཀུན་ལེགས་འབྲུག་པ་ དེ་ལས་ བསོད་ནམས་ཕུན་ཚོགས་༣ གྱིས་ ཁ་བསྡོམས་ཏེ་ སྤྱི་ཟླ་༢ པའི་ཚེས་༡༣ ལུ་ ཕུན་ཚོགས་གླིང་ལས་ དེད་གཡོགཔ་སངས་རྒྱས་དབང་ཕྱུག་གི་ གླ་འཁོར་ནང་ འཛུལ་འོང་སྟེ་ ནུབ་མོའི་ཆུ་ཚོད་༩ དེ་ཅིག་ལུ་ གཟི་ལུང་ཁ་ལུ་ལྷོདཔ་ད་ ཁོང་༣ གྱིས་ བསམ་སྦྱོར་གཅིག་གྱུར་ཐོག་ལས་ དེད་གཡོགཔ་གི་ རླད་དོ་གུ་ གྱི་གསོབ་མ་ཚད་ དངུལ་ཀྲམ་༣,༠༠༠ དང་གླ་འཁོར་འཕྲོག་བཅོམ་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༢ པའི་ཚེས་༡༤ གི་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ཁར་ ཉེས་འཛུགས་ཅན་༣ གྱིས་ སྤུ་ན་ཁ་རྫོང་ཁག་གི་ ས་གནས་ སྨན་ཆུ་ནང་ལུ་ལྷོདཔ་ད་ གླ་འཁོར་ཝེ་གཱོན་ཨར་དེ་ བཀག་ཞིནམ་ལས་ དེད་གཡོགཔ་བསོད་ནམས་དོན་གྲུབ་ལུ་ བརྡུང་རྫོབ་འབད་བའི་ཁར་ གྱི་གསོབ་སྟེ་ དངུལ་ཀྲམ་༦,༠༠༠ དང་ དགླ་འཁོར་གྱི་ཡིག་ཆ་དང་ གླ་འཁོར་འཕྲོག་བཅོམ་འབད་ཡོདཔ་ཨིན་པས།
དེ་དང་འདྲཝ་སྦེ་ དེ་ཚེ་ ཕྱི་རུའི་ཆུ་ཚོད་༨.༡༥ དེ་ཅིག་ཁར་ ཉེས་འཛུགས་ཅན་ མིག་དམར་འབྲུག་པ་དང་ ཀུན་ལེགས་འབྲུག་པ་༢ ཀྱིས་ ཐིམ་ཕུ་ཇོ་ཇོ་སྒྲིང་ཁྱིམ་གྱི་ ཉེ་འདབས་ལུ་ བསམ་སྦྱོར་ཐོག་ལས་ མཚོན་ཆ་གྱི་ཅུང་བཏོན་ཏེ་ ངོམ་ཅཱན་ད་ ཀཱ་ལ་གྱི་ལུས་རྟེན་ལུ་ གནོད་འཚེ་བཀལ་ནིའི་ ཚོར་སྣང་བསྐྱེད་བཅུག་སྟེ་ འགྲུལ་འཕྲིན་མོ་བཱ་ཡེལ་ཅིག་ འཕྲོག་བཅོམ་འབད་ཡོད་པའི་ སྒྲུབ་བྱེད་བཏོན་ཡོདཔ་ཨིན་པས།
དེ་ལས་ ཉེས་འཛུགས་ཅན་༣ གྱིས་ མི་སྡེའི་བདེ་སྲུང་དང་ ལྷོད་འཇགས་ལུ་ གནོད་ཉེན་འབྱུང་སྲིད་པའི་ གནོད་སེམས་ཀྱི་སྤྱོད་ངན་མང་རབས་ཅིག་འབད་བའི་ཁར་ བདག་གཞན་༢ ཀ་ལུ་ ཉེན་འཚུབས་ཆེ་བའི་ གསོ་དཔྱད་ལྟ་སྐྱོང་གི་སྒོ་ལས་ བྱིན་པ་མིན་པའི་ ཚད་འཛིན་གྱི་སྨྱོ་རྫས་ བན་ཟོ་ ཌའི་ཟ་ཕེན་དང་ ནའི་ཊོ་སུམ་ཟེར་མི་ འཆང་སྤྱོད་འབད་ཡོད་པའི་ སྒྲུབ་བྱེད་བཏོན་ཡོདཔ་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༩ ལུ་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ བཏོན་མི་འཁྲུན་ཆོད་དང་འཁྲིལཝ་ད་ མིག་དམར་འབྲུག་པ་དང་ ཀུན་ལེགས་འབྲུག་པ་༢ ཀྱིས་ ཁ་བསྡོམས་ཏེ་ བསམ་སྦྱོར་གཅིག་གྱུར་ཐོག་ལས་ རྐུ་ཇག་འཕྲོག་༣ དང་ བཙན་འཕྲོག་གི་ཉེས་ལས་ རིམ་ཐེངས་༣ རེ་འཐབ་ཡོདཔ་ལས་ དབྱེ་རིམ་༢ པའི་ཉེས་ཁྲིམས་བཀལ་ནུག།
དེ་ཡང་ དང་པ་ དེད་གཡོགཔ་སངས་རྒྱས་དབང་ཕྱུག་ལུ་ གནོད་འཚེ་བཀལ་བའི་ ཉེས་ལས་ བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་དང་ཉེས་འགེལ་ཁྲིམས་དེབ་ལས་ འགལ་སོཔ་ལས་ ཁྲིམས་ཚད་དུས་ཡུན་ལོ་༡༢ དང་ དེད་གཡོག་བསོད་ནམས་དོན་གྲུབ་ལུ་ གནོད་འཚེ་བཀལ་བའི་ཉེས་ཁྲིམས་ལོ་༡༢ དེ་ལས་ ཐིམ་ཕུ་ཇོ་ཇོ་གི་ས་གནས་ལུ་ ཅན་ཐ་ ཀཱ་ལ་ལུ་ འཇིགས་སྣང་ཐོག་ལས་ བརྒྱུད་འཕྲིན་བཙན་དབང་འཕྲོག་འབད་མི་ལུ་ ཉེས་ཁྲིམས་ལོ་༩ དེ་ལས་ གནོད་སེམས་ཀྱི་སྤྱོད་ངན་མང་རབས་དང་ ཚད་འཛིན་གྱི་ སྨྱོ་རྫས་ཚུ་ འཆང་སྤྱོད་འབད་མི་ལུ་བརྟེན་ ཉེས་ཁྲིམས་ལོ་༡ བཀལ་ནུག།
གཞན་དལ་གཞི་ མི་ངོ་༢ ལུ་ བཙོན་ཁྲིམས་ལོ་༣༤ རེ་ བཀལ་དགོཔ་ཨིན་རུང་ ཁྲིམས་ཚད་དུས་ཡུན་བསྡོམས་ལོ་༡༣ བཙོན་འཇུག་གི་ ཁྲིམས་ཚད་སྟབས་གཅིག་ཁར་ གནང་ཡོདཔ་ཨིན་པས།
དེ་འབདཝ་ད་ བསོད་ནམས་ཕུན་ཚོགས་ལུ་ ཉེས་ཁྲིམས་ལོ་༡༢ བཀལ་ཡོདཔ་ད་ དེ་ཡང་ ཁོ་གིས་ གཞན་མི་ ཆ་རོགས་༢ དང་ཁ་བསྡོམས་ཏེ་ ཐིམ་ཕུ་ཇོ་ཇོ་གི་ས་གནས་ལུ་ མ་འགྱོ་བར་ལུས་ཡོདཔ་བཞིན་དུ་ ཐོག་མ་ཁྲིམས་འདུན་ལས་ གནང་མི་འཁྲུན་ཆོད་དེ་ ཧྲིལ་པོར་བསྒྱུར་བཅོས་འབད་དེ་ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
དེ་ཡང་ ལོ་༡༣ ཉེས་ཁྲིམས་ཕོག་མི་ ཉེས་ཅན་མིག་དམར་འབྲུག་པ་དང་ ཀུན་ལེགས་འབྲུག་པ་༢ འཛིན་བཟུང་འབད་བའི་ ཉིནམ་ སྤྱི་ཟླ་༢ པའི་ཚེས་༡༤ ལས་ སྤྱི་ཚེས་༧.༡༢.༢༠༢༤ དང་ ལོ་༡༢ ཉེས་ཁྲིམས་ཕོག་མི་ བསོད་ནམས་ཕུན་ཚོགས་ལུ་ སྤྱི་ཚེས་༡༤.༢.༢༠༡༢ ལས་ སྤྱི་ཚེས་༡༣.༡༢.༢༠༢༣ བཀལ་ཡོདཔ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment