གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ལཱ་ཚུ་ ལེགས་ཤོམ་འགྱོ་དོ་ཡོདཔ།

༢༦/༡༡/༢༠༡༢   ༉ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ལཱ་འགོ་བཙུགས་ཏེ་ ཟླཝ་༦ དེ་ཅིག་ལས་ མ་ལང་རུང་ ལཱ་ཚུ་ ལེགས་ཤོམ་སྦེ་ར་ འགྱོ་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།


ལཱ་ཚུ་གི་གྲས་ལས་ ཆུ་བྱག་རྐྱབ་མི་ ཇའི་པི་ལས་སྡེ་གིས་ སང་ཕོད་ སྤྱི་ཟླ་༧ པའི་ནང་འཁོད་ལུ་ གནས་སྐབས་ཀྱི་ ཆུ་བཏོན་བཀོ་ནིའི་དོན་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཆུ་དུང་གི་ལཱ་དང་ ཆུ་བཀག་རྩིག་གྱང་ཚུ་ མཇུག་བསྡུ་ནིའི་ དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན་པས།
ཇའི་པི་ལས་སྡེ་གི་ བཟོ་རིག་འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནས་སྐབས་ཀྱི་ ཆུ་བཏོན་གཏང་ནི་དོན་ལུ་ རིང་ཚད་མི་ཊར་༦༨༡ རྐྱབ་དགོཔ་ཡོད་ས་ལས་ ད་ལྟོ་ཚུན་ ས་དོང་མི་ཊར་༤༥ རྐོ་མི་དེ་ མ་རྩིས་བར་ མི་ཊར་༢༦༥ དེ་ཅིག་ རྐོ་ཚར་ཏེ་ ཡོད་ཟེར་ཨིན་པས།
ཆུ་བྱག་ངོ་མ་རྐྱབ་ནིའི་དོན་ལུ་ ཆུ་རྐའི་ ལྟག་དང་འོག་ལས་ རྩིགཔ་རྐྱབ་ནི་ཟེར་ཨིནམ་ད་ ས་དོང་ནང་ལས་ ཆུ་གཏང་ནིའི་དོན་ལུ་ ཆུ་དུང་བཟོ་སྐྲུན་གྱི་ བཟོ་རིག་འགོ་དཔོན་ སུ་ཇེ་ དསི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་ཁོངས་ནང་ལས་ ས་རག་རོག་ཚུ་ བཏོན་བསྐྱལ་ནིའི་དོན་ལུ་ བཱོལ་བོ་ཊཱག་༤ བཙུགས་ཏེ་ཡོད་ཟེར་ཨིན་པས།
ལས་འགུལ་གྱི་ལཱ་ངོ་མ་ འགོ་བཙུགས་ཏེ་ ཟླཝ་༦ དེ་ཅིག་ལས་ མ་ལང་རུང་ བཟོ་རིག་འགོ་དཔོན་ཚུ་གིས་ ལཱ་ཚུ་ འཆར་གཞི་དང་འཁྲིལཝ་ད་ ཧ་སུ་སྦེ་ མཇུག་བསྡུ་སྟེ་ ཡོད་ཟེར་ཨིན་པས།
བཀྲིས་སྡིངས་ཁ་ལུ་ཡོད་མི་ ཆུ་བྱག་ལས་ གཞལམ་སྒང་འགྱོ་སའི་ལམ་ཁར་ ཡུར་མུང་ཟེར་ས་ཡོད་མི་ གློག་མེ་ཨམ་ངོ་མ་ བཟོ་སྐྲུན་འབད་ས་ཚུན་ ས་དོང་ཀི་ལོ་མི་ཊར་༡༣.༦ ཡོད་མིའི་དོན་ལུ་ ས་གནས་ཁག་༥ ལས ས་དོང་སྤེད་ནིའི་ལཱ་ འགོ་བཙུགས་ཏེ་ཡོད་མི་ཚུ་ཡང་ ལེགས་ཤོམ་སྦེ་ འགྱོ་དོ་ཡོདཔ་ཨིན་པས།
ས་དོང་༢ པའི་ནང་ ལཱ་འབད་བའི་སྐབས་ ས་ཆད་འོང་ནི་དེ་གིས་ ས་གོ་སྤོ་དགོཔ་བྱུངམ་ལས་ དུམ་གྲ་ཅིག་ ཕྱིས་ཡོདཔ་མ་གཏོགས་ ལཱ་གཞན་ག་ར་ ཧ་སག་སྦེ་ར་ མཇུག་བསྡུ་ཚུགས་ཏེ་ ཡོད་ཟེར་སླབ་ཨིན་པས།
ས་དོང་དང་པའི་ བཟོ་རིག་འགོ་དཔོན་ ཝི་པིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ད་ལྟོ་ ལཱ་འབད་མི་དེ་ འཆར་གཞི་དང་འཁྲིལཝ་ད་ དུམ་གྲ་ཅིག་ ཧ་སུ་མཇུག་བསྡུ་བའི་ཚུལ་ཨིནམ་ལས་ ལཱ་ག་ར་ དུས་ཚོད་ནང་ རྫོགས་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ལས་འགུལ་གྱི་ལཱ་ཚུ་ ཞི་བའི་ལཱ་ཁག་༣ སྦེ་ སྡེ་ཚན་ཀ་པ་དང་ ཁ་པ་ དེ་ལས་ ག་པ་སྦེ་ དབྱེ་སྟེ་ཡོད་ས་ལས་ སྡེ་ཚན་ཀ་པ་དེ་ ཆུ་བྱག་དང་ གློག་མེ་ཨམ་ བཟོ་སྐྲུན་འབད་ནི་ཨིན་མི་དེ་ རྒྱ་གར་གྱི་ སྒེར་གྱི་ལས་སྡེ་ ཇའི་པི་ལས་སྡེ་གིས་ ཐོབ་ཡོདཔ་ད་ སྡེ་ཚན་ཁ་པ་ ཆུ་དུང་བཟོ་སྐྲུན་འབད་ནི་དེ་ གེ་མཱོན་ལས་སྡེ་གིས་ ཐོབ་ཡོདཔ་ཨིན་རུང་ གེ་མཱོན་ལས་སྡེ་གིས་ ཆུ་དུང་ཁག་༥ ཡོད་ས་ལས་ ཁག་༣ སུའི་ཛར་ལེནཌི་ལུ་ཡོད་མི་ མར་ཏི་ལས་སྡེ་གི་ ལན་ལག་ཡིག་ཚང་ རྒྱ་གར་ལུ་ཡོད་མི་དེ་ལུ་ བྱིན་ཡོདཔ་ཨིན་པས།
ལས་མི་ཚུ་གིས་ དུས་ཡུན་ཆུ་ཚོད་༡༢ ཀྱི་རིང་ སྐོར་རྒྱབ་ཐོག་ལས་ ལཱ་འབད་དོ་ཡོདཔ་ད་ ཀུན་དགའ་རབ་བརྟན་ལུ་ཡོད་མི་ ས་དོང་དེ་ ནང་ན་རིང་ཚད་ཕིཊ་༢༢༣ ལྷགཔ་ཅིག་ རྐོ་ཚར་ཡོདཔ་ད་ ས་དོང་༢ པ་དེ་ ས་གོ་སྤོ་དགོཔ་ལས་ ད་ལྟོ་ མི་ཊར་༢༤ དེ་ཅིག་ལས་ རྐོ་མ་ཚུགས་པར་ཡོདཔ་ཨིན་རུང་ ལཱ་ཚུ་དུས་ཚོད་ཁར་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཨེ་ཀེ་ མིཤ་ར་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ གཟིགས་སྐོར་ལུ་བྱོནམ་ད་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ ལཱ་གི་རིགས་ཚུ་ག་ར་ འགོ་བཙུགས་ཏེ་ཡོདཔ་ལས་ ལས་འགུལ་མཇུག་བསྡུ་ནིའི་དུས་ཚོད་ལས་ ཟླཝ་ཅིག་གིས་ ཧེ་མ་ རྫོགས་ཚུགས་པའི་ དམིགས་གཏད་ཡོད་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་དོང་སྤེད་ས་ ཁག་༥ ཡོད་ས་ལས་ ཁག་༤ པ་དང་༥ པ་ལུ་ དོ་འགྲན་སྦོམ་འབྱུང་ནི་ཨིན་རུང་ ས་ཁོངས་དེ་ནང་ དེང་སང་གི་ འཕྲུལ་ཆས་ཚུ་བཙུགས་ཐོག་ལས་ དོང་སྤེད་ནིའི་དོན་ལུ་ སུའི་ཛར་ལེནཊི་དང་ ཕིན་ལེནཌི་ལས་ ཅ་ཆས་ཚུ་ མཁོ་མངགས་འབད་ཡོདཔ་ལས་ དཀའ་ངལ་མི་འཐོན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལཱ་ཚུ་དུས་ཐོག་ལུ་ མཇུག་བསྡུ་ཚུགས་པའི་ཁར་ འབྲུག་པའི་བཟོ་རིག་འགོ་དཔོན་ཚུ་ལུ་ཡང་ སྦྱང་བ་བྱིན་ཚུགས་ནི་མས་ཟེར་ཨིནམ་ད་ མང་སྡེ་ཆུ་གློག་མེ་ལས་འགུལ་དེ་ རྒྱལ་ཁབ་ནང་ མ་འོངས་པའི་ ལས་འགུལ་ཚུ་གི་དོན་ལུ་ དཔེ་སྟོན་བཏུབ་བཟོ་ནི་གི་ དམིགས་གཏད་བསྐྱེད་དོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment