གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡོང་ཀ་སྐམ་ ཕྱེ་འཐག་ནིའི་འཕྲུལ་ཆས་ མ་ལང་པའི་དཀའ་ངལ།

འབྲུག་ལུ་འཛུགས་སྐྱོང་འབད་མི་ ཡོང་ཀ་དེ་ རྒྱ་གར་ལས་ཐོན་མི་དང་ཕྱདཔ་ད་ སྤུས་ཚད་ལེགས་ཤོམ་ཡོདཔ་ལས་ ཚོང་འབྲེལ་གྱི་གོ་སྐབས་ སྦོམ་ཡོདཔ་ཨིན་པས།
དག་འཕེལ་ལུ་ འཛུགས་སྐྱོང་འབད་མི་ ཡོང་ཀ་ཚུ།
༢༩/༡༡/༡༢།  ༉ གཞལམ་སྒང་རྫོང་ཁག་ ཀྲོང་རྒེད་འོག་གི་ དག་འཕེལ་དང་ ཏིང་ཏི་སྦིས་ལུ་ཡོད་མི་ ལྟག་མ་གཡུས་ཚན་གྱི་ ཨམ་སྲུ་ཚོགས་པ་གིས་ ས་ཆ་ཨེ་ཀར་ལས་བཅད་དེ་ ཡོང་ཀ་འཛུགས་སྐྱོང་གི་ ལཱ་འབད་དོ་ཡོདཔ་ཨིན་རུང་ ཕྱེ་འཐག་ནི་གི་ འཕྲུལ་ཆས་ཕུད་རྡོག་༡ ལས་ མེད་པ་ལུ་བརྟེན་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།

དག་འཕེལ་གཡུས་ཚན་གྱི་ ཚོགས་པའི་ཁྲི་འཛིན་ སངས་རྒྱས་ལྷ་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཕྱེ་འཐག་ནི་གི་ འཕྲུལ་ཆས་ལངམ་སྦེ་ མེད་པ་ལུ་བརྟེན་ ད་ཚུན་གྱི་རིང་ ཡོང་ཀ་ཚུ་ སྐམ་ཞིནམ་ལས་ ཚོང་སྒྱུར་འཐབ་མི་དེ་ ཁེ་སང་སྦོམ་ཅིག་མེད་རུང་ བྱ་ཐབས་མེད་པར་ བཙོང་དགོཔ་ཐལ་ཏེ་ ཡོད་ཟེར་ཨིན་པས།

ཡོང་ཀ་སྐམ་ཚུ་ ཐིམ་ཕུ་ལུ་ ནང་པའི་གསོ་རིག་སློབ་སྦྱོང་སྤེལ་ཁང་དང་ བ་ཡོ་བྷུ་ཊཱན་༢ ནང་ བཙོང་དོ་ཡོདཔ་ཨིན་རུང་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༡༠༠ དེ་ཅིག་ལས་ མི་ཐོབ་པས་ཟེར་ཨིན་པས།


མོ་གིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ ད་རེས་ནངས་པ་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༡༠༠ དེ་ཅིག་ ཐོབ་སྟེ་འབད་རུང་ ལཱ་གི་གནས་སྟངས་ལུ་ལྟཝ་ད་ ཁེ་སང་སྦོམ་ཅིག་ མིན་འདུག་ཟེར་ སླབ་ཨིན་པས།


འདས་པའི་ཟླཝ་ནང་ རྒྱ་གར་གྱི་ ས་གནས་ཚུ་ནང་ ལྟ་སྐོར་འགྱོ་བའི་ཤུལ་ལས་ ཁེ་སང་ཡོད་མེད་ལྟཝ་ད་ ཧེ་མ་འབད་མི་ལཱ་ཚུ་ ཁེ་སང་མིན་པར་ གྱོང་རྒུད་ཐོག་ལས་ ལཱ་འབད་སྡོད་ནུག་ཟེར་ མོ་གིས་ སླབ་ཨིན་པས།


ཏ་ཀ་སྦིས་ ཨམ་སྲུ་ཚོགས་པའི་ཁྲི་འཛིན་ ཚེ་རིང་དབང་མོ་གིས་ཡང་ ཡོང་ཀ་འཛུགས་སྐྱོང་གི་ལཱ་འབད་ནི་དེ་ དུས་ཚོད་ཡུན་རིང་འགོར་བའི་ ལཱ་ཅིག་འབད་ནི་དེ་གིས་ ཕྱེ་བརྡུང་མི་ འཕྲུལ་ཆས་བཙུགས་ཏེ་ འབད་བ་ཅིན་ ཁེ་སང་སྦོམ་སྦེ་ར་ འཐོབ་ཚུགས་ནི་མས་ཟེར་ སླབ་ཨིན་པས།


འཕྲལ་ཁམས་ཅིག་ཁར་ སོ་ནམ་ལྷན་ཁག་གིས་ ཡོང་ཀ་སྐམ་ནིའི་དོན་ལུ་ འཕྲུལ་ཆས་མཁོ་སྒྲུབ་འབད་ བྱིན་པའི་ཤུལ་ལས་ ལཱ་ལེ་ཤ་གིས་ འཇམ་དྲགས་སོང་ཡོདཔ་སྦེ་ བཤདཔ་ཨིན་རུང་ འཕྲུལ་ཆས་ཕུད་རྡོག་༡ ལས་ མེད་ནི་དེ་གིས་ ཉིནམ་༡ ནང་ ཡོང་ཀ་ཀེ་ཇི་༢༠ དེ་ཅིག་ལས་ སྐམ་མི་ཚུགས་དོ་ཡོདཔ་ལས་ གཞུང་གིས་ ད་རུང་ ཐེབས་དག་པ་ཅིག་ གནང་ཚུགས་པ་ཅིན་ཟེར་ སླབ་ཨིན་པས།


ཚོགས་པ་གིས་ ཡོང་ཀ་གི་ ལཱ་རྐྱངམ་གཅིག་མེན་པར་ ནགས་ཚལ་ནང་ལས་ ཨམ་ལ་དང་ ས་སྒ་ཚུ་ འཛུགས་སྐྱོང་འབད་ཞིནམ་ལས་ ཁ་ཟས་བཟོ་སྟེ་ བཙོང་དོ་ཡོདཔ་མ་ཚད་ ཚོད་བསྲེ་ཚུ་ཡང་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་རུང་ ཏ་ཀ་སྦིས་ཀྱི་ ཚོགས་པ་གིས་ ཆུའི་དཀའ་ངལ་ཡོདཔ་ལས་ ཚོད་བསྲེའི་ལཱ་འབད་མི་ཚུགས་པས་ཟེར་ཨིན་པས།


ཚོགས་པ་ནང་ འཛུལ་མི་ཚུ་ ལྟ་རྒྱ་མཐོང་རྒྱའི་དོན་ལུ་ ཐིམ་ཕུ་ལུ་ཡོད་མི་ གཞུང་མིན་ཚོགས་པ་ སཱག་ཚོང་འབྲེལ་ཚོགས་པ་གིས་ རྒྱ་གར་ལུ་ ལྟ་སྐོར་ནང་བཏང་ཡོདཔ་ད་ ཚོགས་པ་གིས་ ཨམ་སྲུ་ཚོགས་པ་ལུ་ འཕྲུལ་ཆས་མཁོ་སྒྲུབ་འབད་ནིའི་ ཆ་རོགས་འབད་བྱིན་གེ་ཟེར་ སླབ་ཡོདཔ་ཨིན་པས།


ཡོང་ཀ་དེ་ བ་ཡོ་བྷུ་ཊཱན་གྱི་ འཛིན་སྐྱོང་འགོ་དཔོན་ ཨོ་རྒྱན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གླང་ལེབ་བཟོ་ནི་དང་ ཚོདམ་ནང་བླུགས་ནི་གི་དོན་ལུ་རྐྱངམ་གཅིག་ བཟོ་དོ་ཡོདཔ་ཨིན་རུང་ མ་འོངས་པ་ལུ་ ནང་འཁོད་བཀྲམ་སྤེལ་འབད་ནི་གི་ འཆར་གཞི་ཚུ་ ཡོད་ཟེར་ཨིན་པས།


ཁོ་གིས་ འབྲུག་ལས་ཐོན་མི་ ཡོང་ཀ་དེ་ རྒྱ་གར་ལས་ཐོན་མི་དང་ཕྱདཔ་ད་ སྤུས་ཚད་ལེགས་ཤོམ་ཡོདཔ་ལས་ ཚོང་འབྲེལ་ལེགས་ཤོམ་ འགྱོ་ཚུགས་ནི་མས་ཟེར་ སླབ་ཨིན་པས།


དེ་བཟུམ་སྦེ་ ནང་པའི་གསོ་རིག་སློབ་སྦྱོང་སྤེལ་ཁང་ལས་ ལེགས་སྦྱར་བ་ ཤེས་རབ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཡོང་ཀ་དེ་ སྨན་རིགས་ཁག་ལེ་ཤ་ཅིག་ནང་ རྫས་སྦྱོར་སྦེ་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་གིས་ ཁྲག་ལེགས་ཤོམ་བཟོ་བའི་ཁར་ གཟུགས་ཁར་ རུལ་བའི་ནད་གཞི་ཚུ་ཐོབ་ད་ ཕན་པ་ཡོད་ཟེར་ཨིན་པས།


ལས་འགུལ་དེ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ ཡུ་ཨེན་ཌི་པི་གིས་ མ་དངུལ་ཡུ་ཨེས་ཌོ་ལར་༣༡,༥༠༠ དེ་ཅིག་ རྒྱབ་སྐྱོར་འབད་ཐོག་ལས་ འགོ་བཙུགས་ཡོདཔ་ད་ དེ་ཡང་ རྒྱལ་ཡོངས་ཨམ་སྲུ་ཚོགས་པ་གིས་ གཞི་བཙུགས་འབད་ཡོདཔ་ ཨིན་པའི་གནས་ཚུལ།

གཞལམ་སྒང་ལས་ བཀྲ་ཤིས་བསྟན་འཛིན།
 

No comments:

Post a Comment