གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་ཚོང་འབྲེལ་དང་ ཐིམ་ཕུ་གྲོང་སྡེ་ལས་འཛིན་གྱི་ རྩོད་གཞི་ལོ་ངོ་༥ ལྷག་ཡོདཔ།

༣༠/༡༡/༢༠༡༢   ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་ངོ་ཚབ་ཀྱིས་འབད་བ་ཅིན་ ཤུལ་མའི་བདུན་ཕྲག་ནང་ འཁྲུན་ཆོད་གཏོན་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་མས།
༉ ཐིམ་ཕུ་གྲོང་སྡེ་ལས་འཛིན་དང་ བཀྲིས་ཚོང་འབྲེལ་སྡེ་ཚན་གྱི་བར་ན་ ད་ལྟོའི་ འབྲུག་མར་ཁུ་བཀྲམ་སྤེལ་ཁང་གི་ སྦོ་ལོགས་ཁར་ གླ་འཁོར་བཞག་སའི་ ས་ཁོངས་ཀྱི་ བདག་དབང་སྐོར་ལས་ རྩོད་བཤེར་མཇུག་མ་བསྡུ་བར་ཡོད་མི་ལུ་བརྟེན་ གླ་འཁོར་བཞག་སའི་ ས་ཁོངས་ཚུལ་ལྡན་ཅིག་ བཟོ་མ་ཚུགས་པར་ ལུས་ཡོད་ཟེར་ གྲོང་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཐིམ་ཕུ་ས་སྣུམ་བླུག་སའི་ ས་ཁོངས་དང་ རྩོད་རྙོགས་ཅན་གྱི་ གླ་འཁོར་བཞག་སའི་ ས་ཁོངས་ཀྱི་མཐོང་སྣང།


ད་ལྟོ་ རྩོད་གཞི་དེ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ཡོདཔ་ལས་ རྩོད་བཤེར་སྐོར་ ག་ནི་ཡང་ སླབ་ནི་མེད་རུང་ རྩ་ཕན་གཉིས་ཀྱི་བར་ན་ ས་ཆའི་བདག་དབང་གི་སྐོར་ རྩོད་རྙོགས་ཐོན་ནི་དེ་གིས་ གླ་འཁོར་བཞག་སའི་ ས་ཁོངས་བཟོ་སྐྲུན་དང་འབྲེལ་བའི་ འཆར་གཞི་ཚུ་ བརྩམ་བརྩམས་མེད་ཟེར་ ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ སླབ་ཨིན་པས།
ཁྲོམ་དཔོན་གྱིས་འབད་བ་ཅིན་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་མ་བཏོན་ཚུན་ཚོད་ འཆར་གཞི་བརྩམ་ཐབས་མེད་ཟེར་ཨིནམ་ད་ གལ་སྲིད་ ད་ལྟོའི་ གླ་འཁོར་བཞག་སའི་ ས་ཁོངས་ཀྱི་ བདག་དབང་དེ་ གྲོང་སྡེ་ལས་འཛིན་གྱིས་ ཐོབ་པ་ཅིན་ ས་ཁོངས་དེ་ནང་ ཐོག་ཚད་ལེ་ཤ་ཡོད་པའི་ གླ་འཁོར་བཞག་ཁང་རྐྱབ་ནི་གི་ འཆར་གཞི་ཡོད་ཟེར་ ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ ཆེ་མཐོ་ཁྲིམས་འདུན་ནང་ མཐོ་གཏུགས་འབད་དེ་ ལོ་༥ ལྷག་ཡོདཔ་ལས་ འཁྲུན་ཆོད་ལུ་ བསྒུག་སྟེ་ཡོདཔ་ཨིན་པས།
གཞུང་དང་ བཀྲིས་ཚོང་འབྲེལ་གྱི་བར་ན་ ས་ཆ་བདག་དབང་གི་ རྩོད་རྙོགས་ཐོན་ཏེ་ ཁྲིམས་གཏུགས་འབད་བའི་ཤུལ་ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༠༧ ཟླཝ་༡༠ པའི་ཚེས་༣༠ ལུ་ ས་ཆ་ཕིཊ་གྲུ་བཞི་༧༢.༡༧༦ ཡོད་མི་ ད་ལྟོའི་ གླ་འཁོར་བཞག་སའི་ས་ཁོངས་ཆ་མཉམ་ར་ འབྲུག་གི་སའི་བཅའ་ཁྲིམས་༡༩༧༩ ཅན་མའི་ དགོངས་དོན་དང་འཁྲིལ་ བཀྲིས་ཚོང་འབྲེལ་ལས་སྡེ་ལུ་ བདག་དབང་ཡོད་པའི་ འཁྲུན་ཆོད་གནང་ནུག།
འཁྲུན་ཆོད་དང་འཁྲིལ་བ་ཅིན་ སྤྱི་ལོ་༡༩༧༣ ལུ་ གཞུང་དང་ བཀྲིས་ཚོང་འབྲེལ་གྱི་བར་ན་ ས་ཚན་ཨང་ཨའི་-༢༢ འོག་ལུ་ ས་ཆ་གྲུ་བཞི་ཕིཊ་༢༡,༧༥༠ ཉོ་བཙོང་འཐབ་པའི་ གན་ཡིག་ཅིག་ བཟོ་མི་དང་འཁྲིལ་ ས་ཁྲམ་ཐོ་བཀོད་དང་ ས་ཁྲལ་ཚུ་ སྤྱི་ལོ་༡༩༧༩ ལུ་ གཞུང་ལུ་ ཕུལ་ཡོདཔ་མ་ཚད་ སྤྱི་ལོ་༡༩༩༢ ལུ་ གྲོང་སྡེ་ལས་འཛིན་གྱིས་ བཀྲིས་ཚོང་འབྲེལ་ལུ་ ས་ཚན་བདག་དབང་གི་ ཁྲམ་སྤྲོད་ནུག་ཟེར་ཨིན་པས།
ས་ཁོངས་དེ་ནང་ བཀྲིས་ཀྱི་མིང་ཐོག་ཁར་ ས་ཚན་ཁག་གཉིས་ཡོད་མི་ལས་ ས་ཚན་ཨང་ཨེལ་-༡ འབད་མིའི་ནང་ ས་ཆ་ཕིཊ་གྲུ་བཞི་༢༡,༨༠༠ ཡོད་མི་དེ་ སྤྱི་ལོ་༡༩༨༤ ལུ་ བསྐྱར་འཇལ་འབད་དེ་ ས་ཐེབས་ས་ཆ་ཕིཊ་གྲུ་བཞི་༣༦,༩༠༨ ཐོན་མི་དེ་ ཁྲིམས་མཐུན་བཟོ་སྟེ་ ས་ཆ་བསྡོམས་ཕིཊ་གྲུ་བཞི་༥༣,༤༥༨ དེ་ བཀྲིས་ཀྱི་མིང་ཐོ་ལུ་ བཀོད་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ ས་ཆ་ཕིཊ་གྲུ་བཞི་༧༥,༤༥༨ དང་ ཕིཊ་གྲུ་བཞི་༧༢,༡༧༦ འབད་མི་ ས་ཚན་གཉིས་ཆ་ར་ ད་ལྟོའི་གླ་འཁོར་བཞག་སའི་ ས་ཁོངས་ནང་ཨིནམ་སྦེ་ འཁྲུན་ཆོད་ནང་བཀོད་དེ་ བཀྲིས་ཚོང་འབྲེལ་ལུ་ ཐོབ་དབང་ཡོདཔ་སྦེ་ འཁྲུན་ཆོད་གནང་ནུག།
དེ་འབདཝ་ད་ གྲོང་སྡེ་ལས་འཛིན་གྱིས་ ས་ཆ་དེ་ གཞུང་ས་ཆ་ཨིན་ཟེར་ བདེན་ཁུངས་བཟང་ཐོག་ལས་ སྤྱི་ལོ་༢༠༠༧ ཟླཝ་༡༡ པའི་ཚེས་༧ ལུ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཞུ་ཡོདཔ་ཨིན་པས།
གྲོང་སྡེ་ལས་འཛིན་གྱིས་འབད་བ་ཅིན་ སྤྱི་ལོ་༡༩༧༣ ལུ་ བཀྲིས་ཚོང་འབྲེལ་གྱིས་ གཞུང་ལས་ ས་ཚན་ཨང་ཨའི་༢༢ འོག་གི་ ས་ཆ་ཕིཊ་གྲུ་བཞི་༢༡,༧༥༠ ཉོ་བའི་གན་རྒྱ་བཟོ་བའི་སྐབས་ འབྲུག་མར་ཁུ་བཀྲམ་སྤེལ་ཁང་གི་ ཉེ་འདབས་ལུ་ བཀྲིས་ཀྱི་མིང་ཐོག་ཁར་ ས་ཚན་ཨང་ཨེལ་༡ ནང་ ས་ཆ་ཕིཊ་གྲུ་བཞི་༡༦,༨༠༠ རྐྱངམ་གཅིག་ལས་བརྒལ་མེད་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༡༩༨༤ ལུ་ ཁྲོམ་ལྟེ་བ་ཚོགས་ཆུང་གིས་ མར་ཁུ་བཀྲམ་སྤེལ་ཁང་གི་ ས་ཁོངས་ནང་ བཀྲིས་ཀྱི་མིང་ཐོག་ཁར་ཡོད་མི་ ས་ཚན་ཡོངས་རྫོགས་ ཁྲིམས་མཐུན་བཟོཝ་ད་ ས་ཆ་ཡོངས་བསྡོམས་ཕིཊ་གྲུ་བཞི་༥༣,༧༠༨ ཐོན་མི་དེ་ བརྒྱ་ཆ་༣༠༠ ལྷགཔ་ཅིག་ ཐེབས་ཐོན་ཡོདཔ་ད་ བཀྲིས་ཚོང་འབྲེལ་གྱིས་ ཁོང་གི་ས་ཚན་ཨང་ཨའི་༢༢ དེ་ ད་ལྟོའི་ གླ་འཁོར་བཞག་སའི་ ས་ཁོངས་ནང་ ཚུད་ཡོདཔ་འོང་ནི་མས་ཟེར་ འཆར་སྣང་བྱུང་ནུག་ཟེར་ གྲོང་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ བདེན་ཁུངས་བཟང་ནུག།
ཁོང་གིས་འབད་བ་ཅིན་ སྤྱི་ལོ་༡༩༩༢ ལུ་ ཐིམ་ཕུ་གྲོང་སྡེ་འཛིན་སྐྱོང་གིས་ བདག་སྐྱོང་དང་འབྲེལ་བའི་ ནོར་འཁྲུལ་ཐོག་ལས་ ཧ་ཚན་ཨང་ཨའི་༢༢ དང་ ཨེལ་༡ འབད་མི་ གཉིས་ཆ་རའི་དོན་ལུ་ བདག་དབང་ས་ཁྲམ་སོ་སོར་སྤྲོད་ཡོད་རུང་ ད་ལྟོའི་ རྩོད་རྙོགས་ཅན་གྱི་ ས་ཁོངས་དེ་ བཀྲིས་ལུ་ཨིན་པའི་ ཁྲམ་སྤྲོད་སྤྲོད་མེད་ཟེར་བཀོད་ནུག།
དེ་མ་ཚད་ སྤྱི་ལོ་༡༩༨༥ དང་༡༩༩༡ ལུ་ བཀྲིས་ཚོང་འབྲེལ་གྱིས་ མེ་རླུང་རྒྱ་རྫི་བཀྲམ་སྤེལ་ཁང་དང་ དོས་ཁང་བཟོ་སྐྲུན་འབད་ནིའི་དོན་ལུ་ གྲོང་སྡེ་ལས་འཛིན་ལུ་ གནང་བའི་གྲོས་འཆར་བཙུགས་མིའི་ནང་ འབྲུག་མར་ཁུ་བཀྲམ་སྤེལ་ཁང་དང་ དེ་གི་ལས་བྱེདཔ་ཚུ་སྡོད་སའི་ སྒྲིང་ཁྱིམ་ས་ཁོངས་ཚུ་ ས་ཚན་༢ ཨིནམ་སྦེ་ གསལ་རིལ་རི་སྦེ་ བཀོད་ཡོད་རུང་ ད་ལྟོའི་གླ་འཁོར་བཞག་སའི་ ས་ཁོངས་དེ་ ས་ཚན་དེ་གཉིས་ཀྱི་ཕྱི་ཁར་ སྣུམ་འཁོར་ཊཱག་དང་ བཱསི་བཞག་ཁང་ཨིནམ་སྦེ་ བཀོད་ཡོད་མི་ལུ་བརྟེན་ ད་རེས་ནངས་པ་ཡང་ ཁོང་གི་ས་ཁོངས་ཕྱི་ཁར་ མཐོང་གསལ་བྱུང་ཡོད་ཟེར་ དེ་བསྒང་ ཁྲོམ་དཔོན་ངོ་ཚབ་ཀྱིས་ དོགས་སེལ་འབད་ནུག།
སྤྱི་ལོ་༡༩༨༥ ལུ་ ཐིམ་ཁྲོམ་གོང་འཕེལ་འཆར་གཞི་བརྩམ་པའི་སྐབས་ གླ་འཁོར་བཞག་སའི་ ས་ཁོངས་དེ་ ལྕང་མ་ཤིང་ཚུ་གིས་གང་ཡོདཔ་ལས་ གཞུང་ས་ཨིནམ་སྦེ་ ངོས་འཛིན་འབད་བའི་ཤུལ་ལས་ སྤྱི་ལོ་༡༩༨༧ ལུ་ གྲོང་སྡེ་ལས་འཛིན་གྱིས་ ལྕང་མ་ཤིག་ཚུ་ བརྡབས་ཐོག་ལས་ སྣུམ་འཁོར་ཊཱག་བཞག་ས་སྦེ་ བཟོ་བའི་སྐབས་ལུ་ བཀྲིས་ཚོང་འབྲེལ་ལས་ ཉོགས་བཤད་ག་ནི་ཡང་ མ་བཀོད་ཟེར་ཨིན་པས།
ད་རུང་ སྤྱི་ལོ་༡༩༩༧ ཟླཝ་༣ པའི་ཚེས་༢༨ དང་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་འཚོགས་མི་ ཁྲོམ་སྡེ་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་༢༡ པ་དང་༢༤ པའི་གྲོས་བཅུད་ཚུ་ནང་ བཀྲིས་ཚོང་འབྲེལ་ལས་སྡེ་གིས་ ས་ཚན་ཨང་ཨེལ་༡ དང་ཨའི་༢༢ ལས་ ཁོང་གི་ས་མ་ལངམ་ཐོན་མིའི་ ས་ཚབ་རྒུད་འཐུས་དེ་ གླ་འཁོར་བཞག་སའི་ ས་ཁོངས་ལས་ གནང་དགོཔ་སྦེ་ ཞུ་བ་ཕུལ་ཡོད་པའི་སྐོར་ ཁ་གསལ་སྦེ་ བཀོད་ཡོད་ཟེར་ཨིནམ་ད་ དེ་འབདཝ་ལས་ ས་ཁོངས་དེ་ གཞུང་ས་ཨིནམ་ལས་ ས་ཁོངས་དེ་ནང་ གོང་འཕེལ་དང་འབྲེལ་བའི་ ལས་སྣ་ཚུ་ གཞི་བཙུགས་འབད་ནི་གི་ གནང་བ་གྲུབ་དགོ་ཟེར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནུག།
ཨིན་རུང་ སྤྱི་ལོ་༢༠༠༨ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་དང་ ཡོངས་ཁྲི་གཉིས་ར་གིས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་བཟུང་འབད་དེ་ གླ་འཁོར་བཞག་སའི་ ས་ཁོངས་དེ་ བཀྲིས་ཚོང་འབྲེལ་ལུ་ ཐོབ་དབག་ཡོདཔ་སྦེ་ གྲོས་ཆོད་བཏོན་མི་ལུ་བརྟེན་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ལོ་དེ་ནང་ སྤྱི་ཟླ་༨ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ མཐོ་གཏུགས་ཞུ་མི་དེ་ཡང་ དེ་བསྒང་ མངོན་མཐོ་ཁྲིམས་འདུན་གཞི་བཙུགས་བ་འབད་བར་ཡོད་ནི་དེ་གིས་ཨིན་པས།
དེ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྩོད་དོན་དེ་ བསྐྱར་ཞིབ་ཐོག་ འཁྲུན་ཆོད་གནང་ནིའི་དོན་ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ གནང་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་ངོ་ཚབ་ སངས་རྒྱས་མཁའ་འགྲོ་གིས་ སླབ་མིའི་ནང་ རྩོད་དོན་དེ་གི་ གྲོས་ཆོད་དེ་ ཤུལ་མའི་བདུན་ཕྲག་ནང་ བཏོན་ནི་གི་ རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།


 
རིག་འཛིན་དབང་ཕྱུག།

No comments:

Post a Comment