གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་གི་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་ ལོག་འགོ་བཙུགས་ཡོདཔ།

༡༥/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༡༣ ལས་ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ བུམ་ཐང་དང་ སྤ་རོ་གི་བར་ན་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་དེ་ སླར་ལོག་འགོ་བཙུགས་ཡོདཔ་ཨིན་པས།
སླར་ལོག་འགོ་བཙུགས་ཀྱི་འཕུར་འགྲུལ་སྐབས་ སྤ་རོ་ལས་གནམ་གྲུ་ནང་ འགྲུལ་པ་མི་༡ ལས་མེདཔ་ད་ བུམ་ཐང་ལས་ ལོག་འོངམ་ད་ འགྲུལ་མི་༢༡ སྡོད་ཡོདཔ་ཨིན་པས།

ལོག་སྟེ་ མཁའ་འགྲུལ་ཞབས་ཏོག་འགོ་བཙུགས་མི་ བུམ་ཐང་གི་ ནང་འཁོད་གནམ་ཐང་།


ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་ གནས་སྐབས་མདོ་ཆེན་ ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ ཡོན་ཕུ་ལ་དང་ སྤ་རོ་གི་བར་ནའི་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་དེ་ཡང་ ད་རིས་ལས་ སླར་ལོག་འགོ་བཙུགས་ཏེ་ འཕུར་འགྲུལ་འབད་འོང་ཟེར་ཨིན་པས།
འབྲུག་མཁའ་འགྲུལ་གྱི་ ནང་འཁོད་ཞབས་ཏོག་གི་ ཡོངས་ཁྱབ་འཛིན་སྐྱོང་པ་ རྣམ་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ ཡོན་ཕུ་ལ་དང་ སྤ་རོ་གི་བར་ནའི་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་ སླར་ལོག་གཞི་བཙུགས་ཐོག་འཕྲོ་མཐུད་ནི་དེ་ བདུན་ཕྲག་༡ དེ་ཅིག་ནང་འཁོད་ལུ་ གཏན་འཁེལ་འབད་ཚུགས་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ ཡོན་ཕུ་ལ་གི་ གནམ་ཐང་གི་གནས་སྟངས་ལུ་ ལེགས་འགྱུར་ག་དེ་སྦེ་ སོང་ནུག་ག་ལུ་ རག་ལས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ལས་འཛིན་གྱིས་ ཡོན་ཕུ་ལ་གི་གནམ་ཐང་གི་ གནས་ཚད་བརྟག་དཔྱད་དོན་ལུ་ མོ་བཏབ་ཀྱི་འགྲུལ་བསྐྱོད་འབད་ནི་ཟེར་ཨིནམ་ད་ དེ་ལས་ གནམ་ཐང་གི་གནས་སྟངས་ ཁྱད་འཕགས་ཐོག་ཡོད་པའི་གསལ་སྟོན་བྱུང་པ་ཅིན་ འཕུར་འགྲུལ་གྱི་ཞབས་ཏོག་ཡང་ སླར་ལོག་གཞི་བཙུགས་ཐོག་ འཕྲོ་མཐུད་འོང་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་འབད་བ་ཅིན་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་གི་ དུས་ཐོག་འཕུར་འགྲུལ་འབད་ནི་དེ་ འགྲུལ་པ་གི་མཁོ་དགོས་དང་བསྟུན་དགོཔ་ལས་ ད་རེས་ཀྱི་གནས་སྐབས་ནང་ འགྲུལ་མི་ཚད་ཅིག་ལས་བརྒལ་ མིན་འདུག་ཟེར་ཨིན་པས།
ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་ ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ ལས་ཁུངས་ཀྱི་བཟོ་རིག་འགོ་དཔོན་ཚུ་ ཡོན་ཕུ་ལ་དང་ བུམ་ཐང་གི་ གནམ་ཐང་༢ ཀྱི་ རྒྱུགས་ལམ་ལེགས་བཅོས་འབད་སར་ ལྟ་རྟོགས་དང་ཞིབ་དཔྱད་ཀྱི་དོན་ལུ་ ས་གནས་ཁར་སོང་ཡོདཔ་མ་ཚད་ ལེགས་བཅོས་ཀྱི་ལཱ་ཚུ་ ཚར་ཞིནམ་ལས་ཡང་ ད་རུང་ སྤུས་ཚད་བརྟག་དཔྱད་ཀྱི་དོན་ལུ་སོང་ཡོདཔ་ལས་ ལེགས་བཅོས་འབད་ཡོད་མི་ གནམ་ཐང་གི་རྒྱུགས་ལམ་དེ་ཁར་ ཧེ་མ་ཐོན་མི་དཀའ་ངལ་དེ་ མི་འོང་ཟེར་ཨིན་པས།
བུམ་ཐང་ བོད་པ་ལ་ཐང་གི་ གནམ་ཐང་དེ་ བཟོ་སྐྲུན་འབད་ཚར་བའི་ ཟླཝ་༦ གི་ཤུལ་ལུ་ ཞིབ་དཔྱད་སྡེ་ཚན་ཅིག་གིས་ གནམ་ཐང་གི་རྒྱུགས་ལམ་ལས་ རྡོ་རུ་ཚུ་ ཐོན་འོང་བའི་གནས་སྟངས་ངོས་འཛིན་འབད་ཞིནམ་ལས་ སྤྱི་ཟླ་༦ པའི་ནང་ འཕུར་འགྲུལ་བཤོལ་བཞག་ཐོག་ རྒྱུགས་ལམ་ལེགས་བཅོས་འབད་ནི་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།
དཀའ་ངལ་དེ་ཡང་ གཙོ་བོ་ར་ ཞི་བའི་མཁའ་འགྲུལ་ལས་ཁུངས་ལུ་ མ་དངུལ་གྱིས་ མ་ལངས་པའི་གནས་སྟངས་ལུ་བརྟེན་ རྒྱུགས་ལམ་ཁར་ མཐའ་མའི་རྩི་གནག་ཤོ་ཐེངས་༣ པ་དེ་ མ་བཏང་པའི་ ཧེ་མ་འཕུར་འགྲུལ་ འགོ་བཙུགས་མི་ལུ་བརྟེན་ བྱུང་ཡོདཔ་ཨིན་པས།
ཡོན་ཕུ་ལ་གནམ་ཐང་དེ་ ཀརྨ་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ གནམ་ཐང་གི་རྒྱུགས་ལམ་ཡོངས་རྫོགས་ ད་རུང་ རྩི་གནག་གཏང་དགོཔ་ཡོད་མི་དེ་ གཏང་མ་ཚུགས་ཀྱི་བར་ན་ འཕུར་འགྲུལ་འཕྲོ་མཐུད་དེ་ འགོ་འདྲེན་འཐབ་ཚུགས་པའི་རེ་བ་ཡོད་ཟེར་ཨིནམ་ད་ དེ་ཡང་ ད་རེས་ ལེགས་བཅོས་ཀྱི་སྐབས་ རྒྱུགས་ལམ་ག་སྟེ་མེདཔ་ཐལ་ཡོད་སར་མ་གཏོགས་ ཡོངས་རྫོགས་ལེགས་བཅོས་འབད་མེདཔ་ལས་ རྒྱུགས་ལམ་ཡོངས་རྫོགས་ལེགས་བཅོས་ཐོག་ རྩི་གནག་གཏང་ནི་དེ་ ཤུལ་མའི་ལོ་༢ དེ་ཅིག་ནང་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་ལས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ གཏང་ཚུགས་པའི་རེ་བ་བསྐྱེདཔ་ཨིན་པས།
འབྲུག་མཁའ་འགྲུལ་གྱིས་ ཡོན་ཕུ་ལ་ལུ་ འཕུར་འགྲུལ་འབད་ནི་དེ་ སྤྱི་ཟླ་༧ པའི་ནང་ བཤོལ་བཞག་འབད་ཡོདཔ་ད་ དེ་ཡང་ ཞིབ་དཔྱད་སྡེ་ཚན་གྱིས་ གནམ་ཐང་གི་རྒྱུགས་ལམ་ཁར་ གག་འགྲམ་ཞུགས་ཡོད་པའི་ ངོས་འཛིན་བྱུང་མི་ལུ་བརྟེན་ཨིན་པས།
ཡོན་ཕུ་ལ་དང་ བུམ་ཐང་བོད་པ་ལ་ཐང་གི་ གནམ་ཐང་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༡ ལུ་ འགོ་འབྱེད་འབད་ཡོདཔ་ཨིན་པའི་ཁར་ འཕྲལ་ཁམས་ དགེ་ལེགས་ཕུག་གི་ གནམ་ཐང་དེ་ཡང་ བཟོ་སྐྲུན་མཇུག་བསྡུ་སྟེ་ འགོ་འབྱེད་འབད་ཡོདཔ་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment