གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟའ་ཁང་ཆེ་ཆུང་༥༥ དེ་ཅིག་གིས་ ཁྱིམ་ནང་ལག་ལེན་འཐབ་མི་ མེ་རླུང་རྒྱ་རྫི་སྤྱོད་པའི་ངོས་འཛིན།

༡༤/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ ཐིམ་ཕུའི་བཟའ་ཁང་ཚུ་ནང་ ཞིབ་དཔྱ་འབད་བའི་སྐབས་ བཟའ་ཁང་ཆེ་ཆུང་༥༥ དེ་ཅིག་གིས་ ཁྱིམ་ནང་ལག་ལེན་འཐབ་མི་ མེ་རླུང་རྒྱ་རྫི་ཚུ་ སྤྱོད་དོ་ཡོད་པའི་ ངོས་འཛིན་བྱུང་ནུག།
བཟའ་ཁང་ཚུ་གི་དོན་ལུ་ བཀྲམ་སྤེལ་འབད་མི་ མེ་རླུང་རྒྱ་རྫི་དཀརཔོ་ཚུ།


ལུང་ཕྱོགས་ཚོང་འབྲེལ་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སྡེ་ཚན་༡༠ བཟོ་ཐོག་ལས་ བཟའ་ཁང་ཚུ་གིས་ ཧེ་མའི་ མེ་རླུང་རྒྱ་རྫི་ཆུང་བ་ཚུ་ ཁྱིམ་ནང་ལག་ལེག་གི་དོན་ལུ་ཨིན་མི་ཚུ་ སླར་ལོག་སྤྲོད་ཐོག་ལས་ བཟའ་ཁང་ཚུ་གི་དོན་ལུ་ མེ་རླུང་རྒྱ་རྫི་དཀརཔོ་སྦེ་མི་སྦོམ་ཚུ་ བཀྲམ་སྤེལ་འབད་ནི་ འགོ་བཙུགས་མི་དེ་ ལག་ལེན་འཐབ་མ་འཐབ་ཀྱི་ ཞིབ་དཔྱད་འབད་ཡོདཔ་ཨིན་པས།
དེ་ཡང་ བཟའ་ཁང་ཆེ་ཆུང་མེད་པར་ ག་ར་གིས་ སྤྱི་ཟླ་༡༡ པའི་ཚེས་༧ གི་ནང་འཁོད་ལུ་ མེ་རླུང་རྒྱ་རྫི་ཆུང་བ་ ལྗིད་ཚད་ཀེ་ཇི་༡༤.༢ འབད་མི་ཚུ་ སླར་ལོག་སྤྲོད་ཐོག་ལས་ རྒྱ་རྫི་དཀརཔོ་ ལྗིད་ཚད་ཀེ་ཇི་༡༩ དེ་ཅིག་འབད་མི་ཚུ་ ལེན་ཐོག་ལས་ ལག་ལེན་འཐབ་དགོ་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
ཚོང་འབྲེལ་འགོ་དཔོན་ཚུ་གིས་ སྤྱི་ཟླ་༡༡ པའི་ཚེས་༨ ལུ་ ཞིབ་དཔྱད་ལྟ་སྐོར་འབད་བའི་སྐབས་ བཟའ་ཁང་གི་ ཇོ་བདག་མང་ཆེ་ཤོས་ཅིག་གིས་ ཉིནམ་དེ་ཁར་ རྒྱ་རྫི་སོར་བར་སོང་ཡོདཔ་ལས་ ཞིབ་དཔྱད་ལས་རིམ་དེ་ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ཕར་ཕུད་རྐྱབ་ཡོདཔ་ཨིན་པས།
ཞིབ་དཔྱད་སྐབས་ བཟའ་ཁང་མ་འདྲཝ་༥༥ གི་ ཆོག་ཐམ་ཚུ་ འཕྱོག་བཟུང་འབད་ཡོདཔ་ད་ བཟའ་ཁང་དེ་ཚུ་ལུ་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ རེ་ བཀལ་ནི་ཨིན་རུང་ ལུང་ཕྱོགས་མདོ་ཆེན་ དུང་ཀྲུ་གིས་ སླབ་མིའི་ནང་ ད་རེས་ཐེངས་དང་པ་འབད་ནི་དེ་གིས་ ཇོ་བདག་མང་ཤོས་ཅིག་གིས་ ཤེས་རྟོགས་མེདཔ་ལས་ དགོངས་ཡངས་བཏང་ཡི་ཟེར་ཨིན་པས།
དེ་འབདཝ་ད་ ཤུལ་ལས་ ད་རུང་ དེ་བཟུམ་མའི་ ཞིབ་དཔྱད་ཚུ་འབད་བའི་སྐབས་ མེ་རླུང་རྒྱ་རྫི་ཆུང་བ་དེ་ ལག་ལེན་འཐབ་སར་མཐོང་པ་ཅིན་ ཡངས་ཆག་མེད་པར་ ཉེས་བྱ་དེ་བཀལ་ནི་ཟེར་ཨིན་པའི་ཁར་ བཟའ་ཁང་ཚུ་གིས་ ཐེངས་༣ འཕྲོ་མཐུད་དེ་ར་ མེ་རླུང་རྒྱ་རྫི་ཆུང་བ་ ལག་ལེན་འཐབ་སར་མཐོང་སྟེ་འབད་བ་ཅིན་ ཆོག་ཐམ་ར་ ཆ་མེད་གཏང་ནི་ཟེར་པས།
ད་རུང་ ཁོ་གིས་སླབ་མིའི་ནང་ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ མི་རླུང་རྒྱ་རྫི་ཆུང་བ་ ལག་ལེན་འཐབ་མི་ཚུ་གིས་ ཁ་ཙ་ མེ་རླུང་རྒྱ་རྫི་དཀརཔོ་ཚུ་ ལེན་ཐོག་ལས་ རྒྱ་རྫི་ཆུང་བ་ཚུ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།
ཐིམ་ཕུ་ལུ་ ལོ་༢ དེ་ཅིག་གི་རིང་ བཟའ་ཁང་ཆུང་བ་ཅིག་ བཙུགས་སྡོད་མི་ ཌམ་བར་ སིང་གིས་ སླབ་མིའི་ནང་ ཁྱད་པར་གཙོ་བོ་ར་ བཟའ་ཁང་ཚུ་གི་དོན་ལུ་ཨིན་མི་ མེ་རླུང་རྒྱ་རྫི་དེ་ནང་ ཧེ་མ་གི་ རྒྱ་རྫི་དང་ཕྱདཔ་ད་ རིན་གོང་༤ ལྟབ་ཀྱིས་མཐོ་རུང་ ནང་ན་མེ་རླུང་ཚད་ཅིག་ལས་ མིན་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མེ་རླུང་རྒྱ་རྫི་གི་ རིན་གོང་དེ་གིས་ བཟའ་ཁང་གི་ ཇོ་བདག་ཚུ་ལུ་ ཁེ་རྒུད་མ་བཏུབ་མི་དེ་ཡང་ མེ་རླུང་རྒྱ་རྫི་གི་དོན་ལུ་ ཟད་འགྲོ་སྦོམ་གནས་པའི་ཁར་ བཞེས་སྒོའི་རིན་གོང་ ཡར་སེང་འབད་ཐབས་མེདཔ་ལས་ གྱོང་རྒུད་ཕོག་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཁྱིམ་ནང་གི་དོན་ལུ་ཨིན་མི་ མེ་རླུང་རྒྱ་རྫི་ཆུང་བ་ཚུ་ ཚར་རེ་སོརཝ་ད་ དངུལ་ཀྲམ་༤༩༡ རེ་དང་ གསརཔ་ལེནམ་ད་ ཉེན་འཐུས་དངུལ་ཀྲམ་༡,༤༥༠ རེ་ ལེན་མི་དང་ཕྱདཔ་ད་ བཟའ་ཁང་གི་ མེ་རླུང་རྒྱ་རྫི་ཚུ་ འགོ་ཐོག་གསརཔ་ལེནམ་ད་ དངུལ་ཀྲམ་༢,༠༠༠ ཉེན་འཐུས་སྤྲོད་ཐོག་ལས་ མེ་རླུང་ཚར་རེ་སོརཝ་ད་ དངུལ་ཀྲམ་༢,༠༠༥ རེ་ སྤྲོད་དགོཔ་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༨ ལས་༡༠ ཚུན་ མེ་རླུང་རྒྱ་རྫི་ཆུང་བ་༨༩༢ བཀྲིས་མེ་རླུང་རྒྱ་རྫི་བཀྲམ་སྤེལ་ཁང་དང་ འབྲུག་ས་སྣུམ་བཀྲམ་སྤེལ་ཁང་ དེ་ལས་ དམ་ཅན་ས་སྣུམ་བཀྲམ་སྤེལ་ཁང་ཚུ་ནང་ སླར་ལོག་སྤྲོད་ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment