གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ མདའ་རྩེད་འཕྲོ་མཐུད་ རྩེད་འགྲན་འབད་ནི།

༣༠/༡༡/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ འབྲུག་དབང་རྒྱལ་མདའ་རྩེད་འགྲན་བསྡུར་ནང་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབད་མི་དེ་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།


དེ་ཡང་ ལྟག་གི་འབའ་སྐྱོར་ནང་ ཐིམ་ཕུ་མཉམ་རོགས་དང་ ཕྱག་རི་བཙན་སྡེ་ཚན་༢ ཀྱི་བར་རྩེད་འགྲན་འབད་བའི་ཁར་ འོག་གི་འབའ་སྐྱོར་ནང་ དབའི་ཆ་རོགས་དང་ ན་གཞོན་དང་རྩེད་རིགས་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་ཡོདཔ་ཨིན་པས།
ཐིམ་ཕུ་མཉམ་རོགས་དང་ ཕྱག་རི་བཙན་སྡེ་ཚན་༢ ཀྱི་རྩེད་འགྲན་དེ་ སྐོར་ཐེངས་༥ ནང་ བཀག་རེག་གཅིག་དང་ མདའ་ཡ་༤ ཕོག་ཡོད་མི་དེ་ གཞན་མི་སྡེ་ཚན་གྱིས་ བཏོག་མ་ཚུགསཔ་ལས་ ཧེ་མའི་སྐུགས་༣ རྩིསཝ་ད་ སྐུགས་༩ ཐོབ་ཡོདཔ་བཞིན་དུ་ གཞན་མིའི་སྐོར་ཐེངས་ནང་ བཀག་རེག་༡ ཕོག་སྟེ་ སྐུགས་༡༡ ཐོབ་པའི་སྐབས་སུ་ ཕྱག་རི་བཙན་གྱིས་ཡང་ ཧ་ལམ་དོ་འགྲན་འབད་དེ་ སྐུགས་༨ ཐོབ་ཅི།
ཨིན་རུང་ ཕྱག་རི་བཙན་སྡེ་ཚན་གྱིས་ སྐོར་ཐེངས་༨ པ་ལས་༡༤ པ་ཚུན་ བྱང་ཕྱད་སྡེ་ཚན་ལུ་ སྐུགས་༡ ཡང་ རྩིས་མ་བཅུག་པར་ བཏོག་བཏང་པའི་གུ་ སྐུགས་༡༤ ཐོབ་ཡོདཔ་ལས་ བྱང་ཕྱད་སྡེ་ཚན་གྱི་རྩེད་འགྲན་པ་ཚུ་ དབུགས་འགམ་སི་སི་སྦེ་ར་ ཉིན་མའི་ལྟོ་རན་ཡོདཔ་ཨིན་པས།
བར་མཚམས་ངལ་གསོ་ལས་ ལོག་རྩེད་འགྲན་འབད་བའི་ སྐོར་ཐེངས་༡༥ ནང་ ཐིམ་ཕུ་མཉམ་རོགས་སྡེ་ཚན་གྱིས་ བཀག་རེག་༣ ཕོག་པའི་ཁར་ མདའ་ཡ་༣ རྐྱབ་མི་དེ་ སྡེ་ཚན་གཞན་མི་གིས་ ག་དེ་ཅིག་རྩ་འགེངས་རུང་ བཀག་རེག་ཕོག་ནི་ཕར་བཞག་ མདའ་ཡ་༡ ཡང་ ཚ་མ་ཚུགསཔ་ལས་ སྐུགས་༩ ཐོབ་སྟེ་ བསྡོམས་ཀྱིས་སྐུགས་༢༠ ལུ་ལྷོད་ཅི།
ཨིན་རུང་ ཕྱག་རི་བཙན་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ དོ་འགྲན་འབད་དེ་ བཀག་རེག་ཕོག་མ་ཚུགས་རུང་ མདའ་ཡ་༦ བཙུགས་མི་དེ་ གཞན་མི་སྡེ་ཚན་གྱིས་ བཏོག་མ་ཚུགསཔ་ལས་ མཇུག་གི་ རྩེད་འགྲན་པ་༣ ཡོད་མི་ལུ་ རེ་མཆི་བསྐྱེད་དེ་ སྡོད་པའི་མཐོང་གསལ་བྱུངམ་ཨིན་པས།
གལ་སྲིད་ མདའ་ཡ་༦ པོ་དེ་ བཏོག་མ་ཚུགས་པ་ཅིན་ སྐུགས་༢༠ ལུ་ འགྲན་འདྲ་ལྷོད་ནི་ཨིན་རུང་ ཐིམ་ཕུ་མཉམ་རོགས་སྡེ་ཚན་གྱི་ རྩེད་འགྲན་པ་ འཆི་མེད་རྒྱ་མཚོ་གིས་ རྣམ་རྟོག་མེད་པའི་རི་ལས་ ཆརཔ་ཟེར་དོ་བཟུམ་སྦེ་ བཀག་རེག་རྐྱབ་སྟེ་ ཕྱག་རི་བཙན་གྱི་ མདའ་ཡ་༦ བཏོག་པའི་ཁར་ རང་ཕྱོགས་ལུ་ སྡེ་ཚན་གྱི་སྐུགས་༢༢ ལུ་ལྷོད་ཅི།
ལྟདམོ་ལྟ་མི་དང་ མདའ་རྩེདཔ་ཚུ་གིས་འབད་བ་ཅིན་ མདའ་རྩེདཔ་ཚུ་ ལག་ཚ་ཧིང་འདྲན་འདྲ་ཡོདཔ་ཨིན་རུང་ ཕྱག་རི་བཙན་གྱི་ མདའ་རྩེདཔ་ཚུ་ མི་རྒན་ཤོས་མང་སུ་ཡོདཔ་ད་ རྒན་ཤོས་སྡེ་ཚན་གྱི་ རྩེད་འགྲན་འབད་སར་ལྟ་སྟེ་ ལྟདམོ་ལྟ་མི་ཚུ་ལུ་ ངལ་རངས་དང་ ཡིད་ཆེས་བསྐྱེད་དེ་ སྤྲོ་བ་བྱུང་སྡོད་རུང་ སྐོར་ཐེངས་༡༨ པའི་ནང་ ཐིམ་ཕུ་མཉམ་རོགས་སྡེ་ཚན་གྱིས་ སྐུགས་ཆོདཔ་ཡོདཔ་ད་ དེ་བསྒང་ ཕྱག་རི་བཙན་གྱིས་ སྐུགས་༡༤ ལས་བརྒལ་ཐོབ་མ་ཚུགས་པས།
དེ་ལས་ སྐུགས་༢ པམ་གྱི་དོན་ལུ་ དོ་འགྲན་འབད་དེ་ སྐོར་ཐེངས་༢༥ ནང་ ཐིམ་ཕུ་མཉམ་རོགས་སྡེ་ཚན་གྱིས་ སྐུགས་༩ ཐོབ་ད་ ཕྱག་རི་བཙན་སྡེ་ཚན་གྱིས་ དོ་འགྲན་ལེགས་ཤོམ་འབད་དེ་ སྐུགས་༩ འགྲན་འདྲ་ཐོབ་སྡོད་པའི་བར་ན་ར་ དུས་ཚོད་ཚང་སོཔ་ལས་ འཕྲོ་མཐུད་ ད་རིས་ རྩེད་འགྲན་འབད་ནི་ཨིན་པས།
དེ་ལས་དབའི་ཆ་རོགས་༡༣ སྡེ་ཚན་གྱིས་ སྐོར་ཐེངས་༡༦ ནང་ སྐུགས་དང་པ་ཆོདཔ་ད་ ན་གཞོན་དང་རྩེད་རིགས་སྡེ་ཚན་གྱིས་ སྐུགས་༡༨ ཐོབ་ཡོདཔ་བཞིན་དུ་ ཕྱི་རུའི་དུས་ཚོད་ཚངམ་ད་ ན་གཞོན་དང་རྩེད་རིགས་སྡེ་ཚན་གྱིས་ སྐོར་ཐེངས་༢༣ ལུ་ སྐུགས་༡༨ ཐོབ་ད་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༡ ལས་བརྒལ་ ཐོབ་མ་ཚུགསཔ་ལས་ ད་རིས་ དྲོ་པའི་ཆུ་ཚོད་༨ ལས་འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།


 
བཀྲིས་ཕུན་ཚོགས།

No comments:

Post a Comment