གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡིག་ཆ་བརྫུས་བཟོ་ཐོག་ རང་སོའི་འབབ་ཁུངས་ཀྱི་ཁྲལ་ སྒེར་སྤྱོད་འབད་བའི་ཉེས་ཁྲིམས།

༢༧/༡༡/༢༠༡༢   ༉ མོང་སྒར་རྫོང་ཁག་ཁྲིམས་འདུན་ལས་ རྩོད་ཟླ་ཟླ་བ་ཚེ་རིང་གིས་ ཡིག་ཚང་གི་ལཱ་འབདཝ་ད་ འབྲུག་གཞུང་གི་ རང་སོའི་འབབ་ཁུངས་ཀྱི་ ཁྲལ་རིགས་ལས་བྱུང་བའི་ འོང་འབབ་ཚུ་ དྲན་ཤེས་ཀྱི་སྒོ་ལས་ མི་ངོ་བརྫུས་མ་བཟོ་སྟེ་ སྒེར་སྤྱོད་འབད་ཡོདཔ་ལས་ བཙོན་ཁྲིམས་ལོ་༡ དང་ ཟླཝ་༦ བཀལ་ཡོདཔ་མ་ཚད་ ལྐོག་ཟ་འབད་མི་ཏི་རུ་ཚུ་ གཞུང་ལུ་ སོར་ཆུད་འབད་དགོཔ་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༠༩ ལུ་ མོང་སྒར་རྫོང་ཁག་གི་ འོང་འབབ་དང་ཅ་དམ་ཡིག་ཚང་ནང་ ཕྱག་ཞུ་སྡོད་པའི་རིང་ ཁོ་གིས་ བཀྲིས་སྒང་ གདུང་རྩེ་འབྲིང་རིམ་སློབ་གྲྭའི་ སློབ་དཔོན་ཀུན་བཟང་དང་ ལྷུན་རྩེ་སློབ་གྲྭ་ཆུང་བའི་ སློབ་དཔོན་བཀྲིས་ཚེ་རིང་ བར་མཚམས་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་དཔོན་ཚེ་རིང་རྡོ་རྗེ་ དེ་ལས་ སྦིས་གདུང་འབྲིང་རིམ་སློབ་གྲྭའི་ སློབ་དཔོན་ཀུན་བཟང་བཅས་ ཁོང་༤ གིས་ རང་སོའི་འབབ་ཁུངས་ཁྲལ་གྱི་ རྩིས་ཁྲའི་ཏི་རུ་ ལོག་ཐོབ་མི་ཚུ་ སྒེར་སྤྱོད་འབད་ཡོདཔ་ཨིན་པས།
ཡོངས་བསྡོམས་དངུལ་ཀྲམ་༡༣,༨༢༡ གི་ ཡིག་ཆ་བརྫུས་མ་བཟོ་སྟེ་ ལྐོག་ཟ་འབད་ཡོད་བི་ལུ་བརྟེན་ དོགས་ཟོན་ཅན་ ཟླ་བ་ཚེ་རིང་གིས་ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་དང་འགལ་ཡོདཔ་ལས་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ མོང་སྒར་རྫོང་ཁག་ཁྲིམས་འདུན་ལུ་ གནད་དོན་དེ་གི་སྐོར་ལས་ སྙན་ཞུ་ཕུལ་བའི་ཤུལ་ལུ་ ཁྲིམས་འདུན་ལས་ དབྱེ་ཞིབ་མཐིལ་ཕྱིན་མཛདཔ་ད་ དོགས་ཟོན་ཅན་ ཟླ་བ་ཚེ་རིང་གིས་ ཡིག་ཚང་གི་ལཱ་འབདཝ་ད་ ཆེད་དུ་དམིགས་ཏེ་ འབྲུག་གཞུང་གི་ རང་སོའི་འབབ་ཁུངས་ཁྲལ་རིགས་ལས་བྱུང་བའི་ འོང་འབབ་ཚུ་ མནོ་ཤེས་དྲན་ཤེས་ཀྱི་སྒོ་ལས་ མི་ངོ་བརྫུས་མ་བཟོ་སྟེ་ གཞུང་དངུལ་སྒེར་སྤྱོད་འབད་ཡོདཔ་ ངེས་བདེན་བྱུང་ཡོདཔ་ཨིན་པས།
དེ་ཡང་ དང་པ་ ཡིག་ཚང་གི་ བྱ་སྒོའི་ལམ་ལུགས་ལས་འགལ་བ་དང་ གཉིས་པ་ འགན་འཁྲི་ཚུ་ ཚུལ་མཐུན་སྦེ་ ལག་ལེན་མ་འཐབ་པའི་ མངོན་རྟགས་བྱུང་བའི་ཁར་ ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ མི་ངོ་ལུ་སྤྲོད་པའི་འགན་འཁྲི་དང་ དབང་ཚད་འདི་ ཕྱིར་སྤྱོད་འབད་ཡོདཔ་ལས་ ཞི་གཡོག་གི་སྒྲིག་གཞི་དང་ མ་མཐུན་པའི་ལཱ་འབད་མི་དེ་ ངན་ལྷད་ཀྱི་ལཱ་ཨིནམ་ལས་ ཞི་གཡོག་གི་ ཀུན་སྤྱོད་རྣམ་གཞག་ཚུ་ལས་ ལྷག་པར་དུ་ འགལ་ཡོད་པའི་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།
ཉེས་ཁྲིམས་དེ་ཡང་ ཞི་རྩོད་དང་ཉེས་རྩོད་བྱ་བའི་གནས་སྤྱོད་ཀྱི་ ཁྲིམས་དེབ་དགོངས་དོན་དང་འཁྲིལ་ ཉེས་ཁྲིམས་ལོ་༡ དང་ཟླཝ་༦ བཀལ་ཡོད་མི་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ དོན་ཚན་ཚུ་དང་འཁྲིལ་ ཁྲིམས་འཐུས་བཏབ་ཆོགཔ་ད་ འཁྲུན་ཆོད་གནང་བའི་ ཉིན་མ་ལས་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ བཏབ་དགོཔ་ཨིན་པས།
དེ་བཟུམ་སྦེ་ མི་ངོ་༤ གིས་ རང་སོའི་ འབབ་ཁུངས་ཁྲལ་གྱི་ རྩིས་ཁྲའི་ཏི་རུ་ ལོག་ཐོབ་མི་ཚུ་ ཡིག་ཆ་བརྫུས་མ་བཟོ་སྟེ་ སྒེར་སྤྱོད་འབད་མི་ ཡོངས་བསྡོམས་དངུལ་ཀྲམ་༡༣,༨༢༡ དེ་ ཟླ་བ་ཚེ་རིང་གིས་ ལོ་རེ་ལུ་ སྐྱེད་བརྒྱ་ཆ་༢༤ རྩིས་རྐྱབ་སྟེ་ སྤྱི་ལོ་༢༠༠༩ ལས་ སྤྱི་ལོ་༢༠༡༢ ཚུན་ དངུལ་ཀྲམ་བསྡོམས་༢༣,༧༧༢ གཞུང་ལུ་ ལོག་བཙུགས་དགོ་པའི་ འཁྲུན་ཆོད་གནང་ཡོད་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment