གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཅི་ ཚལ་ལུའི་གོང་ཚད་ མར་བབས་སོང་ཡོདཔ།

༢༧/༡༡/༢༠༡༢   ཚལ་ལུ་ཌི་སི་ཨེམ་ཊཱག་༡ ལུ་ ཉུང་ཤོས་དངུལ་ཀྲམ་༣༥,༠༠༠ དང་ མཐོ་ཤོས་དངུལ་ཀྲམ་༦༧,༠༠༠ དེ་ཅིག་ལས་ ཐོབ་མི་ཚུགས་དོ་ཡོདཔ་ཨིན་པས།
༉ ད་རེས་ནངས་པ་ དགེ་ལེགས་ཕུག་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་གདོང་ཁར་ ལོ་བསྟར་འགོ་འདྲེན་འཐབ་སྲོལ་ཡོད་མི་ ཚལ་ལུའི་རིན་བསྡུར་ འགོ་བཙུགས་ཡོདཔ་ཨིན་རུང་ འདས་པའི་ལོ་དང་ཕྱདཔ་ད་ ཚལ་ལུའི་གོང་ཚད་ཚུ་ ལེ་ཤ་གིས་ མར་བབས་སོང་ཡོདཔ་ལས་ ཚལ་ལུ་བཀྲམ་སྤེལ་བ་ཚུ་ སེམས་ཕམ་བྱུང་སྟེ་ཡོདཔ་ཨིན་པས།


ཁ་ཙ་ རིན་བསྡུར་ས་ཁོངས་ནང་ སེམས་ཕམ་སྡོད་མི་ བཀྲམ་སྤེལ་བ་གཅིག་ གསེར་གཞོང་རྒེད་འོག་ལས་ ཀརྨ་རྒྱལ་མཚན་ཨིནམ་ད་ ཁོ་གིས་ ཀྲོང་གསར་གླང་ཐལ་ལས་ ཚལ་ལུ་སྣུམ་འཁོར་ཌི་སི་ཨེམ་ཊཱག་གང་ འབག་འོང་སྟེ་ སྦུང་ཚོང་སྦེ་ རིན་བསྡུར་ནང་བཙུགས་པའི་སྐབས་ དངུལ་ཀྲམ་༤༠,༠༠༠ དེ་ཅིག་ལས་ མ་ཐོབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚལ་ལུ་ཚུ་ སྐྱེལ་འདྲེན་གྱི་ གླ་ཆ་བྱིན་ཏེ་ ས་ཐག་རིང་ས་ལས་ འབག་འོང་ཡོད་རུང་ འདས་པའི་ལོ་དང་ཕྱདཔ་ད་ རིན་གོང་གི་ཐད་ཁར་ བརྒྱ་ཆ་ལས་༥༠ དེ་ཅིག་ མར་བབས་སོང་ནུག་ཟེར་ཨིན་པས།
དགེ་ལེགས་ཕུག་ལུ་ ཚལ་ལུའི་རིན་བསྡུར་དེ་ སྤྱི་ཟླ་༡༡ པའི་ཚེས་༢༠ དེ་ཅིག་ལས་ འགོ་བཙུགས་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ འདས་པའི་ལོ་ནང་ ཚལ་ལུ་ཌི་སི་ཨེམ་ཊཱག་༡ གིས་ དངུལ་ཀྲམ་༨༠,༠༠༠ དང་༩༠,༠༠༠ གི་བར་ན་ ཐོབ་ཅི་ཟེར་ཨིན་པས།
ཁོ་ལུ་ ད་རུང་ གསེར་གཞོང་ལུ་ ཁོ་རའི་གཡུས་ཚན་ནང་ ཚལ་ལུ་ཤིང་༨༠ དེ་ཅིག་ཡོད་མི་ ཚལ་ལུའི་ལྡུམ་ར་ཡོདཔ་ད་ ཤུལ་ལས་ དེ་གི་རིན་གོང་ཡང་ ག་དེ་སྦེ་ཐོབ་ཚུགས་གའི་ ཚ་གྱང་ལང་སྟེ་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ བཀྲམ་སྤེལ་བ་གཞན་ཅིག་གིས་ཡང་ སྣུམ་འཁོར་ཌི་སི་ཨེམ་ཊཱག་ཅིག་ བཙོང་པའི་སྐབས་ དངུལ་ཀྲམ་༥༠,༠༠༠ དེ་ཅིག་ ཐོབ་ཡོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ གྱོང་རྒུད་ཕོག་ཅི་ཟེར་ཨིན་པས།
དགེ་ལེགས་ཕུག་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ ཐོ་དང་འཁྲིལཝ་ད་ དུས་ཅི་ རིན་བསྡུར་འགོ་བཙུགས་ཏེ་ ཉིནམ་༥ དེ་ཅིག་གི་རིང་ ཚལ་ལུ་ཊཱག་༢ དང་ ཌི་སི་ཨེམ་ཊཱག་༤ རིན་བསྡུར་འབད་ཡོདཔ་ཨིན་པས།
གོང་ཚད་ཀྱི་ཐད་ཁར་ ཌི་སི་ཨེམ་ཊཱག་༡ ལུ་ ཉུང་ཤོས་དངུལ་ཀྲམ་༣༥,༠༠༠ དང་ མཐོ་ཤོས་དངུལ་ཀྲམ་༦༧,༠༠༠ དེ་ཅིག་ ཐོབ་དོ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ལུ་ ཚལ་ལུའི་རིན་བསྡུར་དེ་ སྤྱི་ལོ་༢༠༠༡ ལུ་ འགོ་བཙུགས་ཡོདཔ་ད་ རིན་བསྡུར་ནང་ བཅའ་མར་གཏོགས་མི་ཚུ་ཡང་ རྒྱ་གར་ཨ་སམ་གྱི་ས་གནས་ ཀོག་ར་ཇར་ བར་བི་ས་ དེ་ལས་ བོང་གའི་གོང་དང་ བེང་གཱལ་མངའ་སྡེ་ ཨ་ལི་པཱུར་ཚུ་ནང་ལས་འོང་དོ་ཡོདཔ་ད་ ཁོང་གིས་ རྒྱ་གར་ལུ་ སྦུང་ཚོང་སྦེ་ བཙོང་དོ་ཡོདཔ་ཨིན་པས།
རིན་བསྡུར་ནང་ བཅའ་མར་གཏོགས་མི་ཚུའི་གྲས་ལས་ གཅིག་ བར་བི་ས་ལས་ སྐྱེས་ལོ་༦༣ ལང་མི་ ཀམ་ལ་ཧ་ཨིནམ་ད་ ཁོ་གིས་ འབྲུག་ལུ་ ཚལ་ལུའི་རིན་བསྡུར་ནང་ བཅའ་མར་གཏོགས་ཏེ་ ལོ་ངོ་༣༠ དེ་ཅིག་ ལང་ཡོདཔ་ཨིན་པས།
ཁོ་གིས་ འདས་པའི་ལོ་ནང་ ཚལ་ལུའི་དུས་ཚོད་ལུ་ འབྲུག་གི་ས་གནས་ ཀཱ་ལི་ཁོ་ལ་དང་ དགེ་ལེགས་ཕུག་ལས་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༡ དེ་ཅིག་གནས་པའི་ ཚལ་ལུ་ཉོ་སྟེ་ ཕྱིར་ཚོང་འཐབ་པའི་སྐབས་ དངུལ་ཀྲམ་འབུམ་༥ དེ་ཅིག་ ཁེ་སང་བཟོ་ཚུགས་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚལ་ལུའི་ཚོང་འབྲེལ་དེ་ ཁོ་རའི་དོན་ལུ་ མ་དངུལ་གྱི་འབྱུང་ཁུངས་ གཙོ་ཅན་ཅིག་ཨིནམ་ད་ དུས་ཅི་གི་ལོ་ནང་ འོང་འབབ་ག་དེམ་ཅིག་ བཟོ་ཚུགས་ག་ ཚོད་དཔག་འབད་མ་ཚུགས་པར་ ཡོད་ཟེར་ཨིན་པས།
མིག་གིས་ མཐོང་མི་ཚུ་གིས་ སླབ་མིའི་ནང་ དུས་ཅི་ ཚལ་ལུའི་གོང་ཚད་མར་བབས་འགྱོ་མི་དེ་ཡང་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ ད་ལྟོ་ འགོ་ཐོག་གི་ཚལ་ལུ་ཚུ་ ཆུང་ཀུ་དང་ སྤུས་ཚད་དམ་གྲ་ཅིག་ ཉུང་ནི་དེ་གིས་ཨིན་མས་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པ་ རིན་བསྡུར་ནང་ བཅའ་མར་གཏོགས་མི་ཡང་ ཉུང་སུ་ཅིག་ལས་མེདཔ་བཞིན་དུ་ བཅའ་མར་གཏོགས་མི་ཚུ་གིས་ མཐུན་འགྲིགས་ཐོག་ལས་ གོང་སྦོམ་བྱིན་མི་བཏུབ་པས་ཟེར་ བཀྲམ་སྤེལ་བ་ཚུ་གིས་ བཤད་དོ་ཡོདཔ་ད་ ད་ལས་ཕར་ བཅའ་མར་གཏོགས་མིའི་ གྱངས་ཁ་ཡར་སེང་འགྱོ་བ་ཅིན་ གོང་ཚད་ཚུ་ ཡར་འཕར་འགྱོ་བའི་ རེ་བ་ཡོད་ཟེར་ཨིན་པས།
དགེ་ལེགས་ཕུག་ ཚལ་ལུ་རིན་བསྡུར་གྱི་ས་ཁོངས་ནང་ བཀྲམ་སྤེལ་བ་ཚུ་གིས་ གཙོ་བོ་ ཀྲོང་གསར་དང་ གཞལམ་སྒང་ དར་དཀར་ནང་ རྩི་རང་ དེ་ལས་ གསར་སྤང་རྫོང་ཁག་༥ ནང་ལས་ ཚལ་ལུ་བསྡུ་སྟེ་ འབག་འོང་དོ་ཡོདཔ་ད་ རིན་བསྡུར་གྱི་ དུས་ཚོད་དེ་ཡང་ ལོ་ཨ་རྟག་ར་ སྤྱི་ཟླ་༡༡ པ་ མཇུག་བསྡུ་ཁམས་ལས་ འགོ་བཙུགས་ཏེ་ ལོ་ཤུལ་མའི་ སྤྱི་ཟླ་༣ པ་ཚུན་ སྒོ་ཕྱེས་ལུས་དོ་ཡོད་པའི་གནས་ཚུལ།



 
དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment