གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་ཆེན་གྱི་བཅའ་སྒྲིག་ ཟླཝ་འདི་ནང་མཇུག་བསྡུ་ནི།

དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་དེ་ མ་གཞི་ གྲྭ་ཚང་ཚུ་ལུ་ ཧེ་མ་ལས་ གནང་ཡོདཔ་ཨིན་རུང་ དུས་ཅི་ མི་མང་གི་དོན་ལུ་ གནང་ནི་ཨིན་མི་དེ་ འགོ་དང་པ་ཨིན་པས།


༢༡/༡༡/༢༠༡༢   ༉ དུས་ཅི་ འབྲུག་རྒྱལ་ཁབ་ནང་ འགོ་དང་པ་ འགོ་འདྲེན་འཐབ་ནི་ཨིན་མི་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་ཆེན་གྱི་དོན་ལུ་ སྤུ་ན་ཁ་ལུ་ བཅའ་སྒྲིག་རྐྱབ་པའི་བསྒང་ཡོད་མི་དེ་ སྤྱི་ཟླ་༡༡ པའི་ཟླ་མཇུག་ལུ་ མཇུག་བསྡུ་ནི་ཨིན་པས།


སྤུ་ན་ཁ་ ཐང་བཟང་ནང་ དཀྱིལ་འཁོར་དང་ དབང་ཁང་གི་ བཅའ་སྒྲིག་རྐྱབ་པའི་བསྒང་།
དབང་ཆེན་དེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ གནང་ནི་ཨིནམ་བཞིན་དུ་ ད་ལྟོ་ སྐྱབས་རྗེ་བཞུགས་ནིའི་དོན་ལུ་ དཀྱིལ་འཁོར་བཞེངས་པའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ མི་གྲངས་༦༠ དེ་ཅིག་གི་ ཤོང་ཚད་ཡོད་མི་ དཀྱིལ་འཁོར་དེ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཞུགས་ཁྲི་དང་ མགྱོནམ་ཚུ་ སྡོད་ས་བཟོ་ནི་ཨིན་མས།
དངུལ་ཀྲམ་ས་ཡ་༡.༥ དེ་ཅིག་ གནས་ནི་ཨིན་མི་ དཀྱིལ་འཁོར་དེ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ ཚོགས་པ་གིས་ འགོ་འདྲེན་འཐབ་ཐོག་ལས་ བཞེངས་དོ་ཡོདཔ་ད་ དཀྱིལ་འཁོར་དེ་ དབང་ཆེན་གྱི་དོན་ལུ་ ཞལ་འདེབས་ཕུལ་མིའི་ཐོག་ལས་ བཞེངས་དོ་ཡོདཔ་ཨིན་པས།

དབང་ཆེན་དེ་ རྫོང་གི་རྒྱབ་ཕྱོགས་ལུ་ ཐང་བཟང་ནང་ལུ་སྦེ་ གནང་པའི་སྐབས་ དབང་ཞུ་མི་༥༠,༠༠༠ དང་༦༠,༠༠༠ དེ་ཅིག་ ཤོང་ཚུགས་པའི་ དབང་ཁང་བཟོ་བའི་བསྒང་ཡོད་མི་དེ་ ཟླཝ་འདི་ནང་ མཇུག་བསྡུ་ནི་ཨིནམ་ད་ དེའི་དོན་ལུ་ ད་ལྟོ་ ཙོག་ཕུར་ཚུ་ རྡབ་པའི་བསྒང་ཡོདཔ་ཨིན་པས།
ལཱ་འགོ་འདྲེན་འཐབ་མི་ སྤུ་ན་ཁ་རྫོང་ཁག་བདག་སྐྱོང་གི་ བཟོ་རིག་འགོ་དཔོན་ རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ དབང་ཁང་གི་ལཱ་དེ་ ཟླཝ་འདི་ནང་ མཇུག་བསྡུ་ཚུགས་ཟེར་ཨིནམ་ད་ དེ་ཡང་ ལཱ་ངོ་མ་ཚུ་ ག་ར་འབད་ཚར་་ཡོདཔ་ལས་ ཆུ་ཤོག་བཀབ་ནིའི་ ལཱ་རྐྱངམ་གཅིག་ལུས་ཏེ་ ཡོད་ཟེར་ཨིན་པས། 
དབང་གནང་སར་ གསང་སྤྱོད་༤ རྐྱབ་ནིའི་དོན་ལུ་ གསང་སྤྱོད་ཀྱི་མཛོད་ རྐྱབ་པའི་བསྒང་ཡོདཔ་ད་ དཀྱིལ་འཁོར་དང་ དབང་ཁང་གི་དོན་ལུ་ འཐུང་ཆུ་བཀྲམ་སྤེལ་དེ་ རྫོང་ནང་ལས་ ལག་ལེན་འཐབ་ནི་ཨིན་རུང་ མི་ལང་ནི་ཨིནམ་ལས་ མོ་ཆུ་ནང་ ཆུ་དུང་བཙུགས་ཐོག་ལས་ འཐེན་ནི་ཨིན་པའི་ཁར་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ལས་ ཆུ་མཛོད་ཚུ་ བརྙ་ཞིནམ་ལས་ ལག་ལེན་འཐབ་ནི་ཨིན་པས།
དབང་གནང་པའི་སྐབས་ སྣུམ་འཁོར་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ཚུ་ མི་ཐོན་ནིའི་དོན་ལུ་ དབང་ཞུ་མི་ཚུ་ སྐྱེལ་འདྲེན་འབད་ནི་ཨིནམ་ད་ དེའི་དོན་ལུ་ འགྲུལ་སྐྱེལ་བཱསི་ཚུ་ གཞི་བཙུགས་འབད་ནི་ཨིན་པས།
དབང་ཞུ་མི་ཚུ་གིས་ འགྲུལ་སྐྱེལ་བཱསི་གི་ཞབས་ཏོག་དེ་ ལས་སྐྱིད་ཐང་དང་ ཁུ་རུ་ཐང་ དེ་ལས་ འཛོམས་གླིང་ཐང་ལས་ ཐོབ་ཚུགས་ནི་ཨིནམ་ད་ བཤད་གྲྭ་དང་ གྲྭ་ཚང་ དེ་ལས་ དགོན་སྡེ་ལས་འོང་མི་ཚུ་ལུ་འབད་བ་ཅིན་ རྫོང་ཁག་གིས་ བཱསི་སོ་སོ་ བྱིན་ནི་ཨིན་པས།
ཞག་ཉལ་ནིའི་ཐད་ལུ་ལྷོདཔ་ད་ སྤུ་ན་ཁ་དང་ ཁུ་རུ་ཐང་ལུ་ ཉལ་ཁང་ཡོད་མི་ བཟང་ཁང་ག་ར་ ཧེ་མ་ལས་ མཁོ་མངགས་འབད་ཚར་བའི་ཁར་ གཡུས་ཚན་ཚུ་ནང་གི་ ཁྱིམ་ཚུ་ཡང་ མཁོ་མངགས་འབད་ཚར་ཡོདཔ་ལས་ མང་ཤོས་ར་ ལྕང་ཡུལ་དང་ འཛོམས་གླིང་ཐང་གི་ ཨ་རིང་ཚུ་དང་ གུར་སྤུབ་སྟེ་ སྡོད་དགོཔ་འཐོན་ནི་ཨིན་པས།
ཉིན་གྲངས་༡༥ གི་རིང་ གནང་ནི་ཨིན་མི་ དབང་ཆེན་དེ་ དུས་ཅི་ སྤྱི་ཟླ་༡༢ པའི་ཚེས་༢༠ ལས་ འགོ་བཙུགས་ནི་ཨིནམ་ད་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་ གསུངས་མིའི་ནང་ དེ་བསྒང་ བདེ་མཆོག་དབང་གི་རིགས་དང་ གྲུབ་ཐོབ་བརྒྱ་བཅུ་ རྡོ་རྗེ་ཕག་མོ་ དེ་ལས་ དཔལ་ལྡན་འབྲུག་པའི་ལུགས་ཀྱི་ དབང་རིགས་ག་ར་ གནང་ནི་ཟེར་ཨིན་པས།
དཔལ་བདེ་མཆོག་འཁོར་ལོ་སྡོམ་པ་དེ་ འབྲུག་པ་བཀའ་བརྒྱུད་ཀྱི་ ཡི་དམ་ལྷ་ཚུ་ལས་ གཙོ་ཅིག་ཨིན་པའི་ཁར་ སྤུ་ན་ཁ་དེ་ སྡེ་མཆོག་གི་ གནས་ཅིག་ཨིནམ་ལས་ བྱིན་རླབས་ཆེ་ཏོག་ཏོ་ཨིན་ཟེར་ཨིནམ་ད་ དབང་དེ་ མ་གཞི་ གྲྭ་ཚང་ཚུ་ལུ་ ཧེ་མ་ལས་ གནང་ཡོདཔ་ཨིན་རུང་ དུས་ཅི་ མི་མང་གི་དོན་ལུ་ གནང་ནི་ཨིན་མི་དེ་ འགོ་དང་པ་ཨིན་ཟེར་ཨིན་པས།
དབང་གི་དོན་ལུ་ མ་དངུལ་དུང་ཕྱུར་ལས་བཅད་དེ་ གནས་ནི་ཨིནམ་ད་ དབང་ཆེན་གནང་དགོ་པའི་སྐོར་ལས་ ཐིམ་ཕུ་ལུ་སྡོད་མི་ བླམ་ཕ་ཇོ་གིས་གཙོས་པའི་ འཐུས་མི་༩༠ དེ་ཅིག་གིས་ གསོལ་བཏབ་བཞིན་དུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཞལ་གྱིས་བཞེས་ཡོད་པའི་གནས་ཚུལ།



སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment