གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔལ་ལྡན་ལྷ་མོའི་བླ་མཚོ་ སྐམ་འགྱོ་བའི་ཚ་གྱང་།

 ༢༦/༡༡/༢༠༡༢   མཚོ་མཇལ་བར་འགྱོ་མི་ཚུ་གིས་ ཕྱགས་སྙིགས་རག་རོག་ཚུ་ མཚོ་ནང་བཀོག་མི་ལུ་བརྟེན་ གྲིབ་ཞུགས་ཏེ་ སྐམ་འགྱོ་དོ་ཡོདཔ་འོང་ནི་མས་ཟེར་ཨིན་པས།
 ༉ ལྷ་མོའི་རྫིང་ཁ་ཁྲོམ་ལས་ གནམ་བྱཱར་གྱི་དུས་ཚོད་ལུ་ཐོན་མི་ ཆུ་ལམ་བདའ་སྟེ་ དུས་ཡུན་སྐར་མ་༤༥ དེ་ཅིག་ འགྲུལ་བསྐྱོད་འབད་དགོ་པའི་ ས་གནས་ནང་ དཔལ་ལྡན་ལྷ་མོའི་བླ་མཚོ་ཡོད་མི་དེ་ འདས་པའི་ལོ་ཚུ་ནང་ རྒྱ་ཆེ་དྲགས་སྦེ་ར་ སྐམ་འགྱོ་དོ་ཡོདཔ་སྦེ་ མི་སེར་ཚུ་གིས་ སླབ་ཨིན་པས།


གཡུས་མི་རྒན་ཤོས་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ བླ་མཚོ་དེ་ རྒྱ་ཚད་ཨེ་ཀར་༢ དེ་ཅིག་ཡོདཔ་ཨིན་རུང་ ད་རེས་ ཨེ་ཀར་༡ དེ་ཅིག་ལུ་ མར་བབས་སོང་ནུག་ཟེར་ཨིནམ་ད་ དེ་ཡང་ མཚོ་མཇལ་བར་འགྱོ་མི་ཚུ་གིས་ ཕྱགས་སྙིགས་རག་རོག་ཚུ་ མཚོ་ནང་བཀོག་མི་ལུ་བརྟེན་ གྲིབ་ཞུགས་ཞུགསཔ་འོང་ནི་མས་ཟེར་ཨིན་པས།
མཚོ་དེ་གི་མཐའ་འཁོར་ལུ་ སྲ་ཤིང་ཚུ་ ཧོ་ལྡེམ་ལྡེམ་སྦེ་ སྐྱེས་ཏེ་ཡོདཔ་ད་ མཚོ་དེ་ཡང་ ཧོ་ལྡིང་ལྡིང་དང་ ཧིང་སངས་ས་སྦེ་མཐོངམ་ཨིན་པས།
ལྷ་མོའི་རྫིང་ཁ་གི་རྒཔོ་ ཤེས་རབ་རྒྱལ་མཚན་གྱིས་ ཀུན་གསལ་ལུ་སླབ་མིའི་ནང་ མ་གཞི་ གནམ་བྱཱར་གྱི་སྐབས་ལུ་ ས་གནས་ནང་ ཆུ་ལེ་ཤ་ཐོན་ནི་ཡོདཔ་ཨིན་རུང་ གནམ་དགུན་གྱི་སྐབས་ལུ་ ས་གནས་ནང་ ཆུ་དཀོན་ནི་དེ་གིས་ གཅན་གཟན་སྟག་གིས་གཙོས་པའི་ སེམས་ཅན་གཞན་ཚུ་ཡང་ མཚོ་དེ་ནང་ ཆུ་འཐུང་པར་ འོང་ནི་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལོ་ཨ་རྟག་ར་ སྤྱི་ཟླ་༤ པའི་ཟླ་མཇུག་ལུ་ ཀཱ་ལི་པུ་ཇ་ཟེར་ ཉེ་འདབས་ཀྱི་ ཧིན་དུའི་པཱན་ཌི་ཏ་ཚུ་གིས་མཚོའི་མཐའ་མར་སོང་སྟེ་ ཉིནམ་༡ གི་རིང་ གསོལ་མཆོད་ཕུལ་ནི་ཡོདཔ་ད་ དེ་བསྒང་ ཚོགས་ཚུ་ཡང་ ཕུལ་ནི་ཡོད་ཟེར་ཨིན་པས།
དེ་གི་སྐབས་ལུ་ དྲུང་ཁག་གི་ རྒེད་འོག་༣ ཆ་ར་ལས་ མི་ཚུ་འཛོམས་དོ་ཡོདཔ་མ་ཚད་ རྒྱ་གར་གྱི་ ས་མཚམས་ས་གནས་ཚུ་ནང་ལས་ཡང་ མི་ལེ་ཤ་ཅིག་གིས་ར་ བཅའ་མར་གཏོགས་ནི་ཡོད་ཟེར་ཨིན་པས།
དཔལ་ལྡན་ཆོས་གླིང་སློབ་གྲྭའི་བླམ་ ཤེས་རབ་རྡོ་རྗེ་གིས་ སླབ་མིའི་ནང་ ཁོང་གི་དུས་སྟོན་གྱི་སྐབས་ལུ་ མགྱོནམ་སྦེ་འགྱོ་ནི་ཡོད་ཟེར་ཨིནམ་ད་ དེ་ཡང་ ནང་པའི་ཁ་ཐུག་ལས་འབད་བ་ཅིན་ ཚོགས་འཁོར་བསྐོརཝ་ཨིན་མས་ཟེར་ སླབ་ཨིན་པས།
ལྷ་མོའི་རྫིང་ཁ་ཁྲོམ་གྱི་དྲུང་ཆེན་ ཀེ་བི་ཆེ་ཏི་རི་གིས་འབད་བ་ཅིན་ གསོལ་མཆོད་ཀྱི་སྐབས་ལུ་ ཨོམ་དང་ མར་ དེ་ལས་ དར་ཚིལ་གྱི་རིགས་ཚུ་མ་གཏོགས་ གཞན་ཆང་དང་ ཤའི་རིགས་ཚུ་ རྩ་ལས་ར་ ལག་ལེན་འཐབ་མ་ཆོགཔ་ཨིནམ་ད་ གལ་སྲིད་ མཚོ་དེ་ནང་ལས་ ཉ་བཟུང་ནི་དང་ བཙོག་གྲིབ་ཚུ་གཏང་པ་ཅིན་ ས་གནས་ནང་ རྐྱེན་ངན་ཚུ་ སྦོམ་སྦེ་ར་ འབྱུང་ནི་ཡོད་ཟེར་ཨིན་པས།
ལྷ་མོའི་རྫིང་ཁ་གི་ རྒཔོ་བགྲེསཔ་ སི་བི་ གུ་རུང་གིས་འབད་བ་ཅིན་ མཚོ་དེ་ནང་ལས་བབས་མི་ཆུ་དེ་ བཀྱག་གནགཔོ་སྦེ་ཡོད་མི་དང་འཁྲིལ་ ས་གནས་དེ་ཁར་ལས་འབབ་སྟེ་ ཁ་མར་བལྟ་སྟེ་འགྱོ་བའི་སྐབས་ ཆུ་གཞན་ལེ་ཤ་ཅིག་ར་ བསྡོམས་དོ་ཡོདཔ་ཨིན་རུང་ དམིགས་བསལ་དུ་ ཆུ་དེ་ གནགཔོ་སྦེ་ཡོདཔ་ལས་ ས་གནས་ཀྱི་མིང་ཡང་ ཀཱ་ལི་ཁོ་ལ་ཟེར་ སླབ་དོ་ཡོདཔ་ཨིན་པས།
ཨིན་རུང་ མཚོ་དེ་ ནམ་ཆགས་ཡོདཔ་ཨིན་ན་ ག་གིས་ཡང་ མི་ཤེས་དོ་ཡོདཔ་ཨིན་རུང་ མི་མང་ཤོས་ཅིག་གིས་འབད་བ་ཅིན་མཚོ་དེ་ ཧེ་མ་ལས་ར་ ཆགས་ཏེ་ཡོདཔ་སྦེ་ སླབ་ཨིན་པས།
གཡུས་མི་ཚུ་གིས་ བཤད་མིའི་ནང་ གལ་སྲིད་ མཚོ་དེ་ནང་ ཤིང་གི་འདབ་མ་ཚུ་བུད་རུང་ བྱ་ཚུ་གིས་འཐུ་སྟེ་ བསལ་བཀོག་ནི་ཡོད་ཟེར་ སླབ་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment