གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུཊ་བཱོལ་ལིག་གི་འགྲན་བསྡུར་དང་ གཞི་རིམ་ཆུང་བའི་ སློབ་སྦྱོང་འགོ་བཙུགས་ནི།

༢༤/༡༡/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལྕང་ཇི་ཇི་ འབྲུག་ཕུཊ་བཱོལ་ཚོགས་ཁང་ནང་སྦེ་ འབྲུག་ཕུཊ་བཱོལ་ཚོགས་སྡེའི་གཙོ་འཛིན་དང་ དྲུང་ཆེན་ དེ་ལས་ བརྡ་བརྒྱུདཔ་ཚུ་གི་བར་ན་ གྲོས་བསྡུར་ཞལ་འཛོམས་འཚོགས་མིའི་ནང་ རྒྱལ་ཁབ་ནང་ འགོ་ཐོག་ རྒྱལ་ཡོངས་ཕུཊ་བཱོལ་འགྲན་བསྡུར་འབད་ནི་དང་ གཞི་རིམ་ཕུཊ་བཱོལ་སློབ་སྦྱོང་བཙུགས་ནིའི་སྐོར་ལས་ གྲོས་བསྡུར་བྱུང་ཡོདཔ་ཨིན་པས།


གྲོས་ཚོགས་ཞལ་འཛོམས་ནང་ འབྲུག་ཕུཊ་བཱོལ་ཚོགས་སྡེའི་གཙོ་འཛིན་ ཨྱོན་ཚེ་ཁྱབ་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ཟླ་༡༢ པའི་ཚེས་༡༥ ལས་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་གི་ གྱིབ་གདན་རྩྭ་ཐུང་ནང་སྦེ་ རྒྱལ་ཡོངས་ཕུཊ་བཱོལ་ལིག་རྩེད་འགྲན་འབད་ནི་ཨིན་མི་དང་ གྱིབ་གདན་རྩྭ་ཐུང་བཟོ་སྐྲུན་འབད་ཚར་མི་གཉིས་ཀྱི་ རྟེན་འབྲེལ་ལེགས་ཤོམ་འགྱོ་ནིའི་དོན་ལུ་ འགོ་འབྱེད་འབད་ནི་ཟེར་ཨིན་པས།
འཛམ་གླིང་རྒྱལ་སྤྱི་ཕུཊ་བཱོལ་ཚོགས་སྡེའི་ དམིགས་གཏད་དང་འཁྲིལ་ འབྲུག་ཨོ་ལིམ་པིག་ཚོགས་སྡེ་གིས་ ཞིབ་དཔྱད་སྙན་ཞུ་ལྟར་དུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ་བཱོལ་ལིག་གི་རྩེད་འགྲན་དེ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
རྒྱལ་ཡོངས་ཕུཊ་བཱོལ་ལིག་དེ་ཡང་ རྫོང་ཁག་༣ ལས་ སྡེ་ཚན་༦ གི་བར་ན་ རྩེད་འགྲན་འབད་ནི་ཨིནམ་ད་ དེ་ཡང་ ཆུ་ཁ་རྫོང་ཁག་དང་ སྤུ་ན་ཁ་ དེ་ལས་ བསམ་རྩེ་རྫོང་ཁག་ལས་ སྡེ་ཚན་རེ་རེ་དང་ ཐིམ་ཕུ་རྫོང་ཁག་ལས་ སྡེ་ཚན་༣ ཡོད་མི་དེ་ དུས་ཅི་ ཐིམ་ཕུ་ཕུཊ་བཱོལ་ལིག་གི་ རྩེད་འགྲན་ནང་ལས་ ཨང་དང་པ་ཐོན་མི་ འབྲུག་པཱོལ་དང་ ཨང་༢ པ་ཐོན་མི་ གཟིམ་སྒྲ་ དེ་ལས་ ཡིད་འཛིན་ཨེཕ་སི་སྡེ་ཚན་ཚུ་ཡོདཔ་ཨིན་པས།
ལོ་༥ གི་ཤུལ་ལས་ འབྲུག་རྒྱལ་ཁབ་ནང་ ཕུཊ་བཱོལ་རྩེད་འགྲན་འབད་མི་ རིག་རྩལ་ཅན་ ག་དེམ་ཅིག་འཐོན་ནི་ཨིན་ན་དང་ དེ་གིས་ རྒྱལ་ཁབ་ནང་འཁོད་དང་ ཨེ་ཤེ་ཡེན་ལུང་ཕྱོགས་ཀྱི་བར་ན་ དེ་ལས་ རྒྱལ་སྤྱི་རྒྱལ་ཁབ་ཚུ་དང་ དོ་འགྲན་འབད་ནིའི་གོ་སྐབས་ཚུ་ བཟོ་ཚུགས་པའི་ཁར་ ཁྱད་རིག་དང་ལྡནམ་སྦེ་རྩེ་མི་ཚུ་ རྒྱལ་ཁབ་གཞན་མི་གིས་ གོ་སྐབས་བྱིན་ནིའི་འོས་འབབ་ སྦོམ་ར་ཡོད་ཟེར་ ཨིན་པས།
སློབ་སྟོན་པ་ ཆོས་སྐྱིད་ཉི་མ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༣ སྤྱི་ཟླ་༡ པ་ལས་ དགེ་ལེགས་ཕུག་ལུ་སྦེ་ གཞི་རིམ་ ཕུཊ་བཱོལ་སློབ་སྦྱོང་ལས་རིམ་འགོ་བཙུགས་ནི་ཨིནམ་ད་ ན་གཞོན་ཕུཊ་བཱོལ་རྩེ་ནི་ལུ་ སྤྲོ་བ་དང་ དང་འདོད་ཡོད་མི་ ལོ་༦ ལས་༡༢ ཀྱི་བར་པ་འབད་མི་ཚུ་ རྫོང་ཁག་ཚུ་ནང་ལས་ གདམ་འཐུ་འབད་དེ་ སློབ་སྦྱོང་འབད་བཅུག་ནི་ཟེར་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment