![]() |
སྔ་འགྱུར་རྙིང་མའི་ཤིང་རྟ་ཆེན་པོ་ གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་ བཀའ་འབུམ་གྱི་ ལྗགས་ལུང་གནང་པའི་བསྒང་། |
![]() |
དབང་ལུང་ཞུ་མི་ ཨམ་སངས་མོ་དེ་ ཉེ་ཚན་ཚུ་གི་དོན་ལུ་ ཕྱི་རུའི་བཞེས་སྒོ་འབད་བའི་བསྒང་། |
བཀའ་དབང་དང་ ལྗགས་ལུང་ཞུ་མི་ བླ་སྤྲུལ་དང་ དགེ་སློང་ སྒོམ་ཆེན་ དེ་ལས་ ཨ་ནེམོ་ཚུ་རྩིས་ཏེ་ རྒྱལ་ཁབ་ཕྱི་ནང་ལས་ དད་ཅན་ཁྲི་ཕྲག་ལས་བཅད་དེ་ འཛོམས་ནུག།
ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ དྲོ་པའི་ཆུ་ཚོད་༨ ལས་ འགོ་བཙུགས་ཏེ་ ཉིན་མ་ཚུན་ འཇིགས་མེད་གླིང་པའི་བཀའ་འབུམ་གྱི་ ལྗགས་ལུང་གནང་དོ་ཡོདཔ་ད་ ཉིན་མའི་ཆུ་ཚོད་ ཕྱེད་དང་༢ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ བཀའ་དབང་ཚུ་གནངམ་མས།
དབང་ཞུ་མིའི་གྲངས་སུ་ རྒྱ་གར་གྱི་ ལྷོ་ཕྱོགས་ས་གནས་ མའི་སོར་དང་ སི་ཀིམ་ལས་ཡང་ དད་ཅན་བརྒྱ་ཕྲག་ལས་བཅད་དེ་ འཛོམས་ཡོདཔ་ད་ སྤྱིར་བཏང་མཐོང་སྣང་ལུ་ལྟཝ་ད་ ཤོང་ཚད་སྟོང་ཕྲག་༡༢ དེ་ཅིག་ཡོད་པའི་ དབང་ཁང་དེ་ནང་ ཆོས་ཞུ་མི་ཚུ་གིས་ ལྟེམ་ལྟེ་སྦེ་ གང་སོ་ནུག།
ཆོས་ཞུ་མི་ ལ་ལུ་ཅིག་གིས་ བཟའ་ཁང་ཚུ་ནང་དང་ རང་སོའི་སྤུན་ཆ་ དེ་ལས་ ཆ་རོགས་ཚུ་དང་གཅིག་ཁར་ སྡོད་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ ཐང་ནང་ སྟོན་པའི་སྐུའི་རྩ་བར་ མཆོད་ཁང་ཡོད་སར་ གནས་སྐབས་ཀྱི་གུར་ཚུ་སྤུབས་ཏེ་ སྡོད་མི་ཡང་ བརྒྱ་ཕྲག་ལས་བཅད་དེ་ མཐོང་གསལ་བྱུངམ་མས།
གུར་ཚུ་ནང་སྡོད་མིའི་གྲས་ལས་ གཅིག་ བུམ་ཐང་ཨུ་ར་ལས་ སྐྱེས་ལོ་༧༤ ལང་མི་ ཨམ་གསང་མོ་ཨིནམ་ད་ མོ་ར་ ཉེ་ཚན་ཚུ་དང་གཅིག་ཁར་ སྡོད་དོ་ཡོདཔ་ད་ ཆུ་ཤོག་གིས་བཅད་བཟོ་མི་ ཁང་མིག་ནང་ ཉེ་ཚན་༦ སྡོད་དོ་ཡོདཔ་ལས་ དྲོ་པ་དང་ཕྱི་རུ་ ཁྱིམ་ནང་ལས་འབག་འོང་མི་ མེ་རླུང་རྒྱ་རྫི་གུ་ བཞེས་སྒོ་འབད་དེ་ བཟའ་དོ་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མི་ཚེ་འདི་ནང་ དགེ་བ་ལོགས་སུ་སྦེ་ བསྒྲུབ་མ་ཚུགས་རུང་ ད་རེས་ གོ་སྐབས་ཐོབ་ད་ ཁྱིམ་སྒོ་བསྡམས་བཞག་སྟེ་ ཆོས་ཞུ་བར་ འོང་ཡི་ཟེར་ཨིནམ་ད་ བཟའ་ཁང་ནང་སྡོད་ནི་དེ་ རིན་གོང་མཐོ་བས་ཟེར་སླབ་ཨིན་པས།
དེ་བཟུམ་སྦེ་ ཀུར་སྟོད་གནས་ལས་ཨིན་མི་ མཚམས་པ་ངག་དབང་འཇམ་པ་ཡང་ ཆོས་ཞུ་བར་ འོང་མི་ཚུ་གི་གྲས་ལས་ གཅིག་ཨིནམ་ད་ ཁོ་ཡང་ གུར་སྤུབས་ཏེ་ སྡོད་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ མཚན་ལྡན་གྱི་བླ་མ་ལས་ གསེར་བཟུམ་མའི་ ཆོས་ཞུ་ནིའི་ གོ་སྐབས་ཐོབ་ཚུགས་ནི་དེ་གིས་ སྐལ་བ་བཟང་ཡི་ཟེར་ཨིན་པས།
བཀའ་དབང་འགོ་བཙུགས་ཀྱི་ ཉིནམ་དེ་ལུ་ རིན་པོ་ཆེ་མཆོག་གིས་ བཀའ་འབུམ་དེ་ མི་ལོ་༢༠༠ ལྷགཔ་ཅིག་གི་ཧེ་མར་ རབ་བྱུང་༡༢ པའི་ནང་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཐུགས་སྲས་ རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་མཆོག་གིས་ མཛད་གནང་ཡོདཔ་ཨིན་པས།
བཀའ་དབང་དེ་ཞུ་བའི་སྐབས་ སེམས་ཅན་ཐམས་ཅད་ སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་ ཀུན་སློང་དྲག་པོའི་སྒོ་ལས་ ཕར་ཕྱིན་དྲུག་གི་སྒོ་ལས་ ཞུ་དགོ་ཟེར་ གསུངས་ཡོདཔ་ད་ དབང་ཞུ་ཞིནམ་ལས་ དགེ་སྡིག་བླང་དོར་ལུ་ ངེས་པར་དུ་གནས་དགོཔ་ ཁག་ཆེ་ཟེར་བའི་ བཀའ་སློབ་གནང་ཡི་ཟེར་ཨིན་པས།
རྒྱ་གར་མའི་སོར་ སྔ་འགྱུར་རྙིང་མ་ཆེ་མཐོའི་བཤད་གྲྭའི་སློབ་དཔོན་ བསྟན་འཛིན་སྦྱིན་པ་དེ་ཡང་ བཤད་གྲྭའི་སློབ་ཚན་ཚུ་རྫོགས་ཏེ་ དགེ་སློང་ཚུ་གི་ཆོས་རྒྱུགས་ནང་ ལྟ་རྟོག་འབད་མ་སྡོད་པར་ དབང་ཞུ་བར་འོང་མི་དེ་ཡང་ མཁས་བཙུན་བཟང་གསུམ་གྱི་ བླ་མ་རྩ་ཅན་དེ་བཟུམ་ཅིག་ལས་ དབང་ཞུ་ནིའི་དོན་ལུ་ དམིགས་ཏེ་འོང་ཡི་ཟེར་ཨིན་པས།
དེ་མ་ཚད་ ཁོ་ར་ གཡུས་བོད་ལྷོ་བྲག་མཁར་ཆུ་ལས་ཨིན་པའི་ཁར་ ལྷོ་བྲག་མཁར་ཆུ་གྲྭ་ཚང་གི་ གྲྭ་པ་ཅིག་ཨིནམ་ལས་ རིན་པོ་ཆེ་ལས་ ཟབ་ཆོས་ཞུ་བར་འོང་ཡི་ཟེར་སླབ་ ཨིན་པའི་གནས་ཚུལ།
དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།
No comments:
Post a Comment