གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སཱུན་ཀོཤི་གློག་མེ་ལས་འགུལ་གྱིས་གནོད་མི་ཚུ་ལུ་ ས་ཚབ་དང་ རྒུད་འཐུས་ ལཱ་གཡོག་གི་གོ་སྐབས་བྱིན་ནི།

གློག་ཤུགས་མེ་ག་ཝཱཊ་༢,༥༦༠ ཐོན་སྐྱེད་འབད་ནི་ཨིན་མི་ སཱུན་ཀོཤི་གཙང་ཆུ།
 ༢༩/༡༡/༡༢། ༉ དུས་ཅིའི་ལོ་མཇུག་དང་ ཡང་ཅིན་ སང་ཕོད་ཀྱི་ལོ་ འགོ་བཙུགས་ཁམས་ཅིག་ལུ་ འགོ་བཙུགས་ནི་ཨིན་མི་ སཱུན་ཀོཤི་གློག་མེ་ལས་འགུལ་དེ་ དར་དཀར་ནང་རྫོང་ཁག་ ལྷ་མོའི་རྫིང་ཁ་ཁྲོམ་ལས་ ཞིང་ལམ་བདའ་སྟེ་ ཀི་ལོ་མི་ཊར་༡༧ ལྷགཔ་ཅིག་ འགྱོ་དགོ་པའི་ས་གནས་ནང་ བཟོ་བཀོད་འབད་ནི་ཨིན་པས།
གཡུས་མི་ཚུ་གིས་ ས་གནས་དེ་གི་མིང་ལུ་ ཨཱན་དི་རི་ཟེར་ སླབ་དོ་ཡོདཔ་ད་ ས་གནས་དེ་ཁར་ལྷོད་ནི་ལུ་ ཀརྨ་གླིང་གཡུས་ཚན་ནང་ལྷོདཔ་ད་ སྣུམ་འཁོར་ནང་ལས་ཐོན་པའི་ཤུལ་ལུ་ སཱུན་ཀོཤི་གཙང་ཆུའི་མཐའམ་བདའ་སྟེ་ རྐང་སྟོང་སྦེ་ དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་ འགྱོ་དགོཔ་ཨིན་པས།

ས་ཁོངས་དེ་གི་ གཡས་དང་གཡོན་ལུ་ མི་སྡོད་མི་ཡང་མེདཔ་ད་ རི་དེ་ཚུ་གུ་ ཤིང་སྣ་གཞན་ཚུ་དང་གཅིག་ཁར་ སཱལ་དང་ ལྕངཔ་ཤིང་ཚུ་ཡང་ དུམ་གྲ་རེ་ སྐྱེས་ཏེ་ཡོདཔ་ཨིན་པས།


གློག་མེ་འཕྲུལ་ཁང་གི་ ཆུ་མཛོད་དེ་ཡང་ གློག་མེ་འཕྲུལ་ཁང་གི་ ས་ཁོངས་ནང་ལས་ སྐར་མ་༡༠ དེ་ཅིག་འབད་བའི་ ས་གནས་ཌ་རེ་ར་ལུ་ བཟོ་བཀོད་འབད་ནི་ཨིནམ་ད་ ཆུ་མཛོད་དེ་ལུ་བརྟེན་ ས་ཁོངས་དེ་གི་ ལྟག་ལས་ཡར་ཡོད་མི་ ཧོ་མ་གཡུས་ཚན་གྱི་ སི་སེར་ཚུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ འབྱུང་ནི་ཨིན་པས།


ས་ཁོངས་དེ་ནང་ ཧེ་མ་ འོས་འབབ་བརྟག་ཞིབ་ཀྱི་སྐབས་ ལཱ་འབད་ཡོད་མི་ ཀརྨ་གླིང་ལས་ སྐྱེས་ལོ་༥༠ ལང་མི་ ཨམ་བར་གུ་རུང་གིས་ ཆུ་མཛོད་བཟོ་བཀོད་འབད་ནི་ཨིན་མི་ ས་ཁོངས་ཀྱི་ གཡས་དང་གཡོན་ལུ་ མཛུབ་མོ་དཔག་སྟེ་ དེ་ཚུ་ འོས་འབབ་ལྟ་ཞིབ་འབད་བའི་སྐབས་ དོང་སྤེད་སྤེདཔ་ཨིན་ཟེར་ ས་དོང་ཚུ་ བཏོནམ་ཨིན་པས།


ཨིན་རུང་ ས་གནས་ཀྱི་མི་ཚུ་གིས་ གློག་མེ་འཕྲུལ་ཁང་དེ་ ས་གནས་ནང་ ངེས་བདེན་སྦེ་ར་ རྐྱབ་ནི་ཨིན་ན་ཟེར་བའི་ དོགས་པ་ཚུ་ཡང་ བཀོད་དོ་ཡོདཔ་ཨིན་རུང་ གློག་མེ་འཕྲུལ་ཁང་ལུ་བརྟེན་ སྤོ་བཤུད་འབད་དགོཔ་ འཐོན་ནི་ཨིན་མི་ལུ་ ཚ་གྱང་སྦོམ་མེདཔ་ཨིན་པས།


ཧོ་མ་གཡུས་ཚན་ལས་ སྐྱེས་ལོ་༢༦ ལང་མི་ མཱན་ཀུ་མར་ སུ་བྷ་གིས་འབད་བ་ཅིན་ ད་རེས་ཁམས་ རྒེད་འོག་ནང་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ འགོ་དཔོན་ཚུ་གིས་ ཧོ་མ་གཡུས་ཚན་གྱི་ས་ཆ་ཚུ་ ཆུ་ཚད་ཀྱི་འོག་ལུ་ ཚུད་ནི་ཨིནམ་ལས་ སྤོ་བཤུད་འབད་དགོཔ་འོང་ཟེར་ སླབ་ཡོདཔ་ཨིན་རུང་ མི་སྡེ་དང་ རྒྱལ་ཁབ་ལུ་ ཕན་པའི་ལཱ་ཅིག་འབད་ནི་དེ་གིས་ དེ་ལུ་ ཚ་གྱང་ལང་དགོཔ་ མེད་ཟེར་ཨིན་པས།


ཁོ་གིས་འབད་བ་ཅིན་ གཞུང་གིས་ གནོད་སྐྱོད་བྱུང་མི་ཚུ་ལུ་ རྒུད་འཐུས་ཚུ་ མ་བཏུབ་བཏུབ་སྦེ་ གནང་ནི་སྦེ་ སླབ་ཡོདཔ་ལས་ གཞུང་གིས་ ག་དེ་སྦེ་འབད་རུང་ བྱ་སྟབས་མ་བདེཝ་མེད་ཟེར་ཨིན་རུང་ ད་རེས་ གཞིས་ལེགས་ཤོམ་སྦེ་ ཆགས་ཚར་བའི་ས་གནས་ནང་ལས་ སྤོ་བཤུད་འབད་འགྱོ་བའི་བསྒང་ལས་ ཧེ་མ་བཟུམ་སྦེ་ གཞིས་ཆགས་ཚུགས་ནི་ལུ་ དུས་ཡུན་འགོར་འོང་ཟེར་ མཱན་ཀུ་མར་གྱིས་སླབ་ཅི།


ཧོ་མ་གཡུས་ཚན་ལས་ སྐྱེས་ལོ་༥༤ ལང་མི་ ཧར་ཀ་དོཇི་ ལིམ་བུ་གིས་ བཤད་མིའི་ནང་ གལ་སྲིད་ གཡུས་སྤོ་སྟེ་བཏང་བའི་སྐབས་ ད་ལྟོ་ ངོ་ཤེས་པའི་གཡུས་མི་ཚུ་ ས་ཁོངས་གཅིག་ནང་ར་ བཞག་གནང་པ་ཅིན་ དགའ་ནི་མས་ཟེར་ཨིན་པས།


ཧོ་མ་རྒེད་འོག་ལས་ ཨ་ལུ་༦ གི་ ཨ་པ་ཅིག་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་ སྤོ་བཤུད་འབད་དེ་ འགྱོ་མ་དགོ་པར་ ད་ལྟོའི་ ས་གནས་ནང་ར་ བཞག་ཐབས་ཡོད་པ་ཅིན་ དགའ་ནི་མས་ཟེར་ཨིན་རུང་ ལས་འགུལ་དེ་ལུ་བརྟེན་ གནོད་སྐྱོན་བྱུང་མི་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་ལས་འགོ་བཙུགས་ཏེ་ རྒུད་འཐུས་ཚུ་ གནང་ནི་ཨིན་པའི་ཁར་ ཚོང་འབྲེལ་གྱི་གོ་སྐབས་ཚུ་ཡང་ ལེགས་ཤོམ་ འབྱུང་ནི་ཨིནམ་ལས་ སེམས་དགའ་བས་ཟེར་ སླབ་ཨིན་པས།


ཀརྨ་གླིང་རྒེད་འོག་གི་རྒཔོ་ གེན་བྷ་དུར་ སུ་བྷ་གིས་འབད་བ་ཅིན་ ཁོ་གི་རྒེད་འོག་ནང་ ལས་འགུལ་དེ་གིས་ ཁྱིམ་གུང་༡༡༠ ལྷག་ཙམ་ཅིག་ལུ་ གནོད་སྐྱོན་འབྱུང་ནི་ཨིན་མས་ཟེར་ཨིནམ་ད་ ནི་ཅུ་ལ་རྒེད་འོག་གི་རྒཔོ་ དི་ལིབ་ཀུ་མར་ གུ་རུང་གིས་ སླབ་མིའི་ནང་ ཁོ་རའི་ རྒེད་འོག་གི་གཡུས་ཚན་ དཱལ་ད་ལི་ལུ་ཡང་ ཁྱིམ་གུང་༡༥ དེ་ཅིག་ལུ་ གནོད་སྐྱོན་འབྱུང་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
གཞན་འབད་བ་ཅིན་ གློག་ཤུགས་མེ་ག་ཝཱཊ་༤,༠༦༠ ཐོན་སྐྱེད་འབད་ནི་ཨིན་མི་ སཱུན་ཀོཤི་གློག་མེ་ལས་འགུལ་དེ་ གློག་ཤུགས་མེ་ག་ཝཱཊ་༢,༥༦༠ ལུ་ མར་ཕབ་འབད་ཡོདཔ་ད་ ལས་འགུལ་དེ་ སྤྱི་ལོ་༢༠༢༠ ལུ་ རྒྱལ་ཁབ་ནང་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ཐོན་སྐྱེད་འབད་ནི་ཨིན་མིའི་ ཆ་ཤས་ཅིག་ཨིན་པས།


འདས་པའི་དྲི་བ་དྲིས་ལན་ཅིག་འབད་བའི་སྐབས་ བསྟན་རྒྱས་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ ལས་འགུལ་དེ་ལུ་བརྟེན་ཏེ་ གནོད་སྐྱོན་བྱུང་མི་ཚུ་ལུ་ གཞུང་ལས་ ས་ཚབ་དང་ དངུལ་རྐྱང་གི་རྒུད་འཐུས་ དེ་ལས་ ས་གཞི་དང་ སྡོད་ཁྱིམ་༢ ཆ་ར་ལུ་ གནོད་སྐྱོན་བྱུང་མི་ཚུ་ལུ་ ལས་འགུལ་ནང་ ལཱ་གཡོག་གི་གོ་སྐབས་ཡང་ བྱིན་ནི་ཨིན་ཟེར་ སླབ་ཡོདཔ་ཨིན་པའི་གནས་ཚུལ།

ལྷ་མོའི་རྫིང་ཁ་ལས་ ཉི་མ་དབང་འདུས།

No comments:

Post a Comment