གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲུང་ཁྲུང་སྐེ་གནག་ལྟ་མིའི་གྱངས་ཁ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ།

༡༤/༡༡/༢༠༡༢    ཁྲུང་ཁྲུང་སྐེ་གནག་ལུ་བརྟེན་ ས་གནས་ཀྱི་མི་ཚུ་ ཡར་དྲག་འགྱོ་མི་ལུ་ལྟཝ་ད་ ལྷ་བྱ་ངོ་མ་ཨིན་མས་ཟེར་ཨིན་པས།སྒང་སྟེང་ལས་ བསྟན་འཛིན་རྣམ་རྒྱལ།

༉ གནམ་དགུན་གྱི་ དུས་ཚོད་འ་ནེམ་ཅིག་ཁར་ དབང་འདུས་ཕོ་བྲང་ སྒང་སྟེང་དགོན་པ་དང་ ཕོབ་སྦྱིས་ཁའི་ལུང་གཤོང་ནང་ གནམ་གཤིས་བསིལ་ཏོང་ཏོ་ཡོད་རུང་ ལྟ་བཤལཔ་མང་ཤོས་ར་ ཟླཝ་འདི་ནང་འོང་མི་དེ་ དགོན་པ་ལུ་ ལོ་བསྟར་ཁྲུང་ཁྲུང་སྐེ་གནག་གི་ དགའ་སྟོན་བརྩི་བའི་དུས་ཚོད་དང ཕོབ་སྦྱིས་ཁ་ལུ་ ཁྲུང་ཁྲུང་ཆགས་པའི་དུས་ཚོད་ཨིནམ་ལས་བརྟེན་ཨིན་པས།
ལོ་བསྟར་ཁྲུང་ཁྲུང་སྐེ་གནག་གི་ དུས་སྟོན་བརྩི་སྲུང་ནང་ལྷོད་མི་ ལྟ་བཤལཔ་ཚུ།


ཁ་ཉིནམ་ དགོན་པའི་ས་ཁོངས་ནང་ ཁྲུང་ཁྲུང་སྐེ་གནག་གི་ དགའ་སྟོན་ཐེངས་༡༤ པ་ འགོ་འདྲེན་འཐབ་པའི་སྐབས་ ལྟ་བཤལ་པ་༧༠༠ ལྷགཔ་ཅིག་འོང་ཡོདཔ་ད་ དེ་ཚུ་ག་ར་ ལྷ་ཁང་མཇལ་བར་མེན་པར་ བྱ་ཁྲུང་ཁྲུང་གི་ཞབས་ཁྲ་དང་ སྔར་སྲོལ་གྱི་ ཞབས་ཁྲ་དང་འཆམ་གྱི་ལྟདམོ་ཚུ་ བལྟ་བར་འོང་མི་ཚུ་ཨིན་པས།
ལྷ་ཁང་གི་རྡོ་གཅལ་ནང་ ལྟདམོ་ལྟ་མི་ འབྲུགཔ་དང་ ལྟ་བཤལ་པའི་གྱངས་ཁ་ འདྲན་འདྲ་མཐོང་མི་དེ་ འབྲུག་མི་མང་ཤོས་ཅིག་གིས་ སྔར་སྲོལ་ལམ་ལུགས་ཀྱི་ལས་རིམ་ཚུ་ བལྟ་ནིའི་སྤྲོ་བ་མེད་པར་ ལྷ་ཁང་གི་ཕྱི་ཁར་ཡོད་པའི་ གནས་སྐབས་ཀྱི་ ཚོང་ཁང་བཙུགས་སའི་ ས་ཁོངས་ཚུ་ནང་ སྤུངས་སྡོད་སར་ མཐོངམ་ཨིན་པས།
ལྷ་ཁང་ནང་ ལྟདམོ་བལྟ་བར་འོང་མི་ ལྟ་བཤལཔ་མང་ཤོས་ཅིག་ར་ རྒན་རྒས་ཨིནམ་བཞིན་དུ་ ཨེ་མི་རི་ཀ་ལས་ སྐྱེས་ལོ་༧༠ ལང་མི་ མཱེ་རུ་པོའི་རིར་གྱིས་འབད་བ་ཅིན་ འབྲུག་པའི་ལམ་སོལ་དེ་ རྒྱལ་ཁབ་གཞན་དང་ མ་འདྲཝ་ཡོད་མི་ལུ་ ཡིད་ཆེས་རང་བཞིན་གྱིས་ བསྐྱེད་དགོཔ་ཐོན་ཡི་ཟེར་ཨིནམ་ད་ མོ་གིས་འབད་བ་ཅིན་ མི་ཚུ་ལུ་ལྟ་རུང་ སེམས་ལེགས་ཤོམ་ཡོདཔ་ར་ འདྲ་བས་ཟེར་ཨིན་པས།
ད་རུང་ མོ་གི་སྣང་བ་ལུ་ དེ་བཟུམ་གྱི་དགའ་སྟོན་དེ་ གཡུས་མི་ཚུ་ གཅིག་ཁར་འཛོམས་ཏེ་ བཞེས་སྒོ་གཅིག་ཁར་བཟའ་ བློ་སླབ་ དེ་ལས་ གྲོས་བསྟུན་འབད་བའི་ དུས་ཚོད་བཟུམ་མཐོང་ཡི་ཟེར་ཨིནམ་ད་ དེ་ཡང་ ཉི་མའི་ལྟོ་གི་དུས་ཚོད་ཁར་ ཁྱིམ་ཚང་དང་ ནང་མི་བཟའ་ཚན་ཚུ་ གཅིག་ཁར་འཛོམས་ཐོག་ལས་ བཞེས་སྒོ་གཅིག་ཁར་བཟའ་ཐངས་ལུ་ལྟཝ་ད་ གཅིག་གིས་གཅིག་ལུ་ མཐུན་ཤེས་ལེགས་ཤོམ་ཡོད་པའི་ བརྡ་མཚོན་སྟོནམ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཁོང་གི་རྒྱལ་ཁབ་དེ་ དཔལ་འབྱོར་གོང་འཕེལ་ཤུགས་ཆེ་བའི་ རྒྱལ་ཁབ་ཅིག་ཨིན་རུང་ དེ་བཟུམ་གྱི་སྔར་སྲོལ་ ལམ་ལུགས་མེདཔ་ལས་ འབྲུག་ལུ་འོང་དགོ་པའི་དམིགས་ཡུལ་ངོ་མ་ར་ ལམ་ལུགས་བལྟ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ རེ་ཀོ་གིས་འབད་རུང་ དགའ་སྟོན་གྱི་སྐབས་ལུ་ འཆམ་རྐྱབ་མི་དེ་ལུ་ ཕྱི་ནང་གསང་བའི་དོན་ཅིག་ འོང་ནི་མས་ཟེར་ཨིནམ་ད་ དེ་ཡང་ ཤ་རྫམ་གྱི་འཆམ་རྐྱབ་པའི་སྐབས་ ཤཝ་གིས་ དགྲ་དང་འབྱུང་པོ་ཚུ་ དམ་བཏགས་པའི་ཚུལ་བཟུམ་ཅིག་ འོང་ནི་མས་ཟེར་ཨིནམ་ད་ དེ་བཟུམ་གྱི་ལམ་ལུགས་ཅིག་ མོ་གི་ རྒྱལ་ཁབ་ནང་ཡང་ཡོད་ཟེར་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ ཕོབ་སྦྱིས་ཁ་ལུ་འོང་མི་དེ་ འཛམ་གླིང་ནང་ དཀོན་དྲགས་ཅན་གྱི་བྱ་རིགས་ ཁྲུང་ཁྲུང་སྐེ་གནག་དེ་བལྟ་བར་ཨིན་ཟེར་ཨིནམ་ད་ དེ་ཡང་ ཁོང་མང་ཤོས་ཅིག་གིས་ བྱ་རིགས་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ཤེས་རུང་ མཐོང་མཐོངམ་མེད་ཟེར་ སླབ་ཨིན་པས།
ལྟ་བཤལཔ་ཅིག་གིས་ སླབ་མིའི་ནང་ ཁྲུང་ཁྲུང་སྐེ་གནག་དེ་ རྒྱལ་ཁབ་ཀྱི་ནོར་བུ་བཟུམ་ཅིག་ཨིནམ་ལས་ འབྲུག་མི་ཚུ་གིས་ བདག་འཛིན་འབད་དགོཔ་ གལ་ཆེ་བས་ཟེར་ཨིན་པས།
གཡུས་ཁའི་མི་ཚུ་གིས་འབད་རུང་ ཁྲུང་ཁྲུང་དེ་ ཁོང་གི་དོན་ལུ་ ནོར་བུ་བཟུམ་ཅིག་ཨིན་ཟེར་ཨིནམ་ད་ དེ་ཡང་ བྱ་བལྟ་བར་འོང་མི་ ལྟ་བཤལཔ་ཚུ་ལུ་བརྟེན་ སྒང་སྟེང་དང་ ཕོབ་སྦྱིས་རྒེད་འོག་༢ ཡར་དྲག་སོང་ཡི་ཟེར་ སླབ་ཨིན་པས།
སྐྱེས་ལོ་༥༠ ལང་མི་ ཚེ་རིང་གིས་འབད་བ་ཅིན་ གཡུས་ཁའི་མི་ཚུ་ ཁྲུང་ཁྲུང་སྐེ་གནག་ལུ་བརྟེན་ ཡར་རྒྱས་སོང་བའི་ཁར་ ཡིག་ཚང་ལ་ལུ་ཅིག་གི་ ལས་བྱེདཔ་ཚུ་ཡང་ བྱ་ལུ་བརྟེན་བཟའ་སྡོད་དོ་ཡོདཔ་ལས་ བྱ་དེ་ ལྷ་བྱ་ངོ་མ་ར་ ཨིན་མས་ཟེར་ བཤདཔ་ཨིན་པས།
ས་གནས་དེ་ཁར་ བྱ་ལྟ་བར་འོང་མིའི་གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོཝ་མས་ཟེར་ ཕོབ་སྦྱིས་ཁ་ལུ་ཡོད་པའི་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ལས་འགུལ་འགོ་དཔོན་ འཇིགས་མེད་ཚེ་རིང་གིས་ སླབ་ཨིན་པས།
དེ་ཡང་ ལུང་གཤོང་ནང་ དུས་ཅི་ སྤྱི་ཟླ་༡༠ པ་ལས་ ཁྲུང་ཁྲུང་སྐེ་གནག་ཚུ་ ལྷོད་ནི་འགོ་བཙུགསཔ་ལས་ཚུར་ ད་ཚུན་གྱི་བར་ན་ ལྟ་བཤལཔ་༣༠༠ དང་༤༠༠ གི་བར་ན་ འོང་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

སྒང་སྟེང་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment